ལྗོངས་ཡོངས་ཀྱི་སྟོན་འབྲུ་བསྡུ་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་པ།
སྔོན་དཔག་བྱས་ན་2026ལོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ཡན་ཟིན་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་སྟོན་བསྡུའི་དུས་ཚོད་དམ་འཛིན་གྱིས་སྟོབས་ཤུགས་སྤྱི་འདོམས་བཀོད་གཏོང་བྱས་ནས་བརྔ་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་བསྒྲུབས་ཏེ། སྟོན་འབྲུ་བསྡུ་བའི་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། མིག་སྔར་འབྲུ་རིགས་བརྔ་བསྡུ་ལེགས་གྲུབ་བྱུང་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་ཡོད་པ་རེད། 2026ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་སྔོན་དཔག་བྱས་ན་ཏུན་ཁྲི་110ཡན་བརྟན་པོ་ཡོང་རྒྱུ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་10ཚེས་8ཉིན་བར། ལྗོངས་ཡོངས་སུ་འབྲུ་རིགས་བསྡུ་ཁྱོན་མུའུ་ཁྲི་286.66ཟིན་པ་དེས་འབྲུ་རིགས་འདེབས་ཁྱོན་བསྡོམས་འབོར་གྱི་94.96%བཟུང་ཡོད། དེའི་ནང་ནས་མུའུ་ཁྲི་225.36བསྡུས་ཟིན་པ་དེས་ནས་འདེབས་ཁྱོན་བསྡོམས་འབོར་གྱི་96.07%བཟུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་འབྲུ་དང་པད་ཁའི་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ལག་བསྟར་བྱས་ཏེ་ཞིང་ས་གཤིན་པོ་དང་། སོན་བཟང་། གོ་སྐབས་བཟང་པོ། ཐབས་བཟང་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ས་གནས་ཁག་གིས་འཕྲུལ་ཆས་ཅན་གྱི་བརྔ་བསྡུ་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ནས་ཞིང་གི་སོན་རིན་ཁ་གསབ་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་ཡོད། མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བ་དང་། ས་དཔྱད་ལུད་སྦྱོར་བྱེད་པ། ནད་དང་གནོད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་སོགས་འགག་རྩའི་ཐོན་སྐྱེད་ལྷུ་ཚིགས་ལ་དམིགས་ནས་ཆུས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཞིང་ལས་ལག་རྩལ་སྟོབས་ཤུགས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཕྱོགས་པར་སྤྱི་འདོམས་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པའི་ཚན་རྩལ་འགན་འཁྲི་གཙང་ལེན་གྱི་ཞབས་འདེགས་ཞུས་ནས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་སྦྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།