དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ཏུའུ་ཏཱ་ཏཱ་ཨེ་ཡིས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

    ལི་ཆང་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལཱ་ཕེ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཕུ་ཡ་ཀུའི་ནེ་ཡ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཏཱ་ཏཱ་ཨེ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕ་ཕུ་ཡ་ཀུའི་ནེ་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་རེད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་ཚུན། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་རྒྱ་སྐྱེད་ཕྱིན་པ། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་ཆེན་པོ་ཡང་བསྣན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཏུའུ་ཏཱ་ཏཱ་ཨེ་དང་ལྷན་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྣེ་ཁྲིད་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་འདོད་ཡོད།

    ཏཱ་ཏཱ་ཨེ་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། ཕ་ཕུ་ཡ་ཀུའི་ནེ་ཡ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡས་ཀྲུང་གོ་དང་ཡུན་རིང་གི་མཛའ་གྲོགས་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུ་གི་ཡོད་ལ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་རྒྱུན་མཐུད་དང་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད།

    དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལཱ་ཕེ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

    མཱ་ལཱ་ཕེ་ཡིས་གསུངས་དོན། ཀྲུང་གོས་ཕ་ཕུ་ཡ་ཀུའི་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཕ་ཕུ་ཡ་ཀུའི་ནེ་ཡ་སྲིད་གཞུང་གིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་ཀྱིས་ཡུན་རིང་མཐའ་འཁྱོངས་བྱེད་པའི་ཀྲུང་གོ་གཅིག་གི་རྩ་དོན་ལ་མུ་མཐུད་བརྩི་སྲུང་ནན་པོ་ཞུས་ཏེ། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།