དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “གློག་སྒུལ་རྐང་འཁོར་གང་བྱུང་དུ་འཇོག་པ་དང་གློག་སྐུད་གང་བྱུང་དུ་འཐེན་ནས་གློག་གསོག་པའི”དཀའ་གནད་སེལ་བ།

    ​—— བོད་ཀྱི་གློག་སྒུལ་རྐང་འཁོར་འཇོག་པ་དང་གློག་གསོག་པའི་སྐོར་གྱི་མེ་ཟོན་གྱི《ཚད་གཞི》ཐོག་མ་དོན་འཁྱོལ་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-13

    ཉེ་ཆར། རང་ལྗོངས་ཀྱི་གློག་སྒུལ་རྐང་འཁོར་འཇོག་པ་དང་གློག་གསོག་པའི་ཁྱབ་ཁོངས་ལ་དམིགས་པའི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ས་གནས་ཀྱི་ཚད་གཞི་ཐོག་མ《གློག་སྒུལ་རྐང་འཁོར་འཇོག་ས་དང་གློག་གསོག་སའི་མེ་ཟོན་བདེ་འཇགས་དོ་དམ་ཚད་གཞི》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)དུས་ཐོག་ཏུ་བཏོན་ནས་ལྗོངས་ཡོངས་ལ་དངོས་སུ་ལག་བསྟར་བྱས་ཡོད།

    དོ་དམ་གྱི་སྟོང་ཆ་བསྐངས་པ།

    བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ལས་དོན་པ་བསྟན་འཛིན་ཐོས་བསམ《ཚད་གཞིའི》འཆར་ཟིན་འགོད་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཤིང་། ཁོང་གིས་གསར་འགོད་པར་ངོ་སྤྲོད་བྱས་དོན། ལམ་ལུགས་དོ་དམ་བྱ་ཐབས་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཆེད《ཚད་གཞི》དེ་ཉིད་རང་ལྗོངས་ཀྱི་ས་མཐོའི་དམིགས་བསལ་གནམ་གཤིས་དང་། རིག་དངོས་དང་གནའ་བོའི་སྐྲུན་དངོས་མང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནས་སྡོད་ལས་རྣམ་རྙོག་འཛིང་ཆེ་བ། མཉམ་སྤྱོད་གློག་རྫས་བརྗེ་བ་དང་སྐུར་སྐྱེལ་མངག་སྐྱེལ་ལས་རིགས་འཕེལ་རྒྱས་མྱུར་བ་སོགས་རང་ཡུལ་གྱི་དོན་དངོས་ལ་གཞིགས་ནས་བཟོས་ཏེ། གཞི་རིམ་གྱི་མེ་ཟོན་ལྟ་འདོམས་དང་ལས་རིགས་ཚན་པའི་རྒྱུན་ལྡན་དོ་དམ་ལ་ལག་རྩལ་གྱི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    དེ་དང་ཆབས་ཅིག《ཚད་གཞིའི》ནང་གློག་སྒུལ་རྐང་འཁོར་འཇོག་ས་དང་གློག་གསོག་སའི་མེ་ཟོན་བདེ་འཇགས་དོ་དམ་གྱི་གཞི་རྩའི་བླང་བྱ་དང་། མེ་ཟོན་བདེ་འཇགས་དོ་དམ་གྱི་བྱེད་པོ། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི། རྒྱུན་ལྡན་གྱི་མེ་ཟོན་དོ་དམ། མེ་ཟོན་དྲིལ་བསྒྲགས་སློབ་གསོ། འཕྲལ་སྡོམ་སྔོན་ཇུས་དང་མེ་གསོད་ནང་སྦྱོང་སོགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད།

    གློག་སྒུལ་རྐང་འཁོར་གང་དུ་འཇོག་པ་དང་གློག་གང་དུ་གསོག་དགོས་པ་ཁ་གསལ་བཏོན་པ།

    གསར་འགོད་པས《ཚད་གཞིར》ལྟ་སྐབས། 《ཚད་གཞིའི》ནང་མེ་ཟོན་བདེ་འཇགས་དོ་དམ་གྱི་བྱེད་པོ་རིགས་བདུན་ཁ་གསལ་བཟོས་པ་དང་ཆབས་ཅིག་མེ་འགོག་བར་ཐག་དང་རྩལ་བརྟེན་འགོག་ཟོན་བྱ་ཐབས་སོགས་ལ་བླང་བྱ་ཁ་གསལ་བཏོན་པ་མཐོང་བྱུང་།

    བོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གློག་སྒུལ་རྐང་འཁོར་འཇོག་ས་དང་གློག་གསོག་ས་དེ་རིག་དངོས་དང་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་ཁྱབ་ཁོངས་དང་བར་ཐག་སྨི་9ལས་ཐུང་མི་རུང་བ་དང་། གྲོང་མིའི་སྒོ་ར་དང་གནའ་བོའི་སྐྲུན་དངོས་ཀྱི་སྒོ་རའི་ནང་གི་གློག་སྒུལ་རྐང་འཁོར་འཇོག་ས་དང་གློག་གསོག་ས་དེ་སྐྲུན་དངོས་དང་ཁ་གྲམ་ཐོན་སྒོ་དང་མེ་ཟོན་བར་ཐག་སྨི་6ལས་ཐུང་མི་རུང་བ། ལོ་རྒྱུས་རིག་གནས་ཁྲོམ་གཞུང་ནང་སྔོན་ལ་གློག་གསོག་སྒྲོམ་དང་གློག་རྫས་བརྗེ་སྒྲོམ་སོགས་གཅིག་སྡུད་རྣམ་པའི་སྒྲིག་བཀོད་སྤྱད་དེ་སྲུང་སྐྱོང་དང་བདེ་འཇགས་གཉིས་ཀར་དོ་སྣང་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

    གློག་སྒུལ་རྐང་འཁོར་སྤྱོད་མཁན་གྱི་འགན་འཁྲི་དབྱེ་འབྱེད་དེ་བས་ཁ་གསལ་བཟོས་ཡོད་དེ། གློག་སྒུལ་རྐང་འཁོར་རམ་ཡང་ན་གློག་རྫས་ཁྱེར་ནས་སྐྲུན་དངོས་ཀྱི་སྒོ་རའི་ནང་གློག་གསོག་མི་ཆོག་པ་དང་། སྤྱི་པའི་ཚོམས་ཆེན་དང་། ཁ་གྲམ་འགྲོ་ལམ། སྐས་འཛེགས་ཁུལ། བདེ་འཇགས་ཐོན་སྒོ་སོགས་ཀྱི་ས་ཁོངས་སུ་གློག་སྒུལ་རྐང་འཁོར་འཇོག་པའམ་ཡང་ན་གློག་གསོག་མི་ཆོག་པ། བོགས་གཏོང་ཁང་པ་དང་མཉམ་སྡེབ་ཉལ་ཁང་ནང་གློག་གསོག་མི་ཆོག་པ། རང་དགར་གློག་སྐུད་འཁྲིད་པ་དང་གློག་སྐུད་གང་བྱུང་དུ་འཐེན་མི་ཆོག་པ་བཅས་རེད།

    གློག་སྒུལ་རྐང་འཁོར་གང་བྱུང་དུ་མི་འཇོག་པ་དང་གློག་སྐུད་གང་བྱུང་དུ་མི་འཐེན་པ་རིམ་བཞིན་ལག་ལེན་བསྟར་བ།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤར་ཕྱོགས་ལྡུམ་རའི་ཁུལ་ཆུང་དུ་སྐྱོད་སྐབས་གློག་སྒུལ་རྐང་འཁོར་གཅིག་སྡུད་གློག་གསོག་ཁུལ་གྱི་སྒྲིག་ཆས་ཚད་དང་ལྡན་ལ་ཆ་ཚང་བ་དང་། གློག་སྒུལ་རྐང་འཁོར་གློག་སྐས་ནང་འཛུལ་མི་ཆོག་པའི་རིག་ནུས་དབྱེ་འབྱེད་དང་བཀག་འགོག་མ་ལག་སྒྲིག་སྦྱོར་བྱས་ཟིན་པ་མཐོང་བྱུང་། གྲོང་མི་སངས་ཆེ་གེ་མོས“གཅིག་སྡུད་གློག་སྡོང་བརྒྱུད་གློག་གསོག་སྐབས་ཆར་པས་སྦངས་པ་དང་གློག་བསགས་དྲགས་པའི་སེམས་ཁྲལ་བྱེད་མི་དགོས་པས་བློ་བདེ་པོ་འདུག དེ་ནི་རང་ཉིད་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པ་མ་ཟད་མི་གཞན་ལ་འགན་འཁུར་བ་ཞིག་ཀྱང་རེད”ཅེས་གསར་འགོད་པར་བརྗོད།

    ལྷ་ས་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་ཁྲེང་ཀོན་ཆུས་རུ་ཆེན་གྱི་རིམ་པ་བཞི་པའི་བཀོད་འདོམས་པ་ཧོ་ཡའོ་ལན་གྱིས་ངོ་སྤྲོད་བྱས་དོན། ཟླ་8ཚེས་14ཉིན《ཚད་གཞི》ལྗོངས་ཡོངས་ལ་དངོས་སུ་ལག་བསྟར་བྱས་ཚུན། ཁྲེང་ཀོན་ཆུས་ཀྱི་ཁུལ་ཆུང་རྙིང་པ་ཁག་གཅིག་སྒྱུར་བཀོད་བྱེད་འགོ་ཚུགས་ཤིང་། སྡེ་ཁུལ་གྱིས་སྣེ་ཁྲིད་དེ་གློག་སྒུལ་རྐང་འཁོར་འཇོག་ས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རིག་ལྡན་གློག་བཀག་དང་དུ་ཚོར་ཉེན་བརྡ་གཏོང་བའི་གཅིག་སྡུད་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ལག་རྩལ་ཐད་ནས་སྒྲིག་འགལ་ངང་གློག་སྒུལ་རྐང་འཁོར་གང་བྱུང་དུ་འཇོག་རྒྱུ་གཏན་འགོག་བྱས་ནས་བདེ་བཇགས་དང་དམངས་ཕན་གཅིག་གྱུར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།