གཞིས་རྩེ།
ཞིང་ནང་ལོ་ལེགས་འབྲས་བཟང་སྨིན། བང་མཛོད་འབྲུ་ཡིས་བྱུར་བུར་ཁེངས།
འབྲས་ལྡན་སྟོན་གྱི་དུས་སུ་གཞིས་རྩེའི་ཞིང་ནང་དུ་སྐྱི་སེར་རླུང་བུ་དལ་གྱིས་ལྡང་སྐབས་ནས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་ལ། མཐའ་ཡས་ཞིང་ཐང་གྲུ་བཞི་ཚང་མ་སེར་ཐིང་ངེར་གྱུར་ནས། འོང་ཁའི་གསེབ་ནས་ཞིང་འཕྲུལ་གྱི་ལྡིར་སྒྲ་དང་སོ་ནམ་པའི་དགའ་འབོད་མཉམ་དུ་གྲགས་འོང་།
བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ཁྱུང་རྩེ་གྲོང་ཚོའི་ཡུལ་མི་ཚེ་རིང་རང་ཁྱིམ་གྱི་ཞིང་ཁའི་མུ་ཁར་ཙོག་པུར་བསྡད་དེ་སྦར་མཐིལ་དུ་སྙེ་མ་དབུར་ནས་གྲ་མར་ཕུ་བཏབ་རྗེས་འབྲུ་རྡོག་ལ་སོ་རྒྱག་བཞིན་བློ་ཡིད་ཚིམ་པོས་མགོ་བོ་ལྕོག་ལྕོག་བྱེད།
ཁྱུང་རྩེ་གྲོང་ཚོའི་རྨོ་ཞིང་རྒྱ་ཁྱོན་ལ་མུའུ་3430ལྷག་ཙམ་ཟིན་པ་དང་། ལོ་རེར་ཆ་སྙོམས་མུའུ་རེ་ནས་ནས་རྒྱ་མ་700ལྷག་ཙམ་ཐོན་གྱི་ཡོད། “ད་ལོ་ནས་ཀྱི་ཐོན་འབབ་ཡག་པོ་འདུག་པས་ང་ཚོ་ཧ་ཅང་དགའ་པོ་འདུག”ཅེས་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།
སྐྱིད་གྲོང་རྫོང་གི་སྟོན་ལས་ཀྱང་འགག་རྩའི་དུས་སུ་སླེབས་ཡོད། རྫོང་དགའ་གྲོང་ལྷན་གྱི་འདེབས་འཛུགས་དུད་ཚང་བསོད་ནམས་རྒྱལ་མཚན་གྱིས“ད་ལོ་ངའི་ཁྱིམ་གྱིས་ནས་དང་པད་ཁ་མུའུ་17ཙམ་བཏབ་པ་ཡིན། ཉེ་བའི་ལོ་ཤས་ནང་། ང་ཚོས་འཕྲུལ་ཆས་ཆེ་གྲས་ལ་བརྟེན་ནས་བརྔ་བསྡུ་བྱེད་ཀྱི་ཡོད། སྲིད་གཞུང་གིས་ད་དུང་ཞིང་འཕྲུལ་བརྔ་བསྡུའི་ཁ་གསབ་སྤྲོད་པ་དང་ཁ་གསབ་ཀྱི་ཚད་གཞི་ནི་ཆུ་ཚོད་རེར་སྒོར་200རེད། ཁ་གསབ་སྒོར་200ལས་མེད་ཀྱང་འདེབས་ཁྱོན་ཅུང་ཆེ་བའི་ཞིང་དུད་ཀྱི་ངོས་ནས་བརྗོད་ན་དངོས་འབྲེལ་རོགས་རམ་ཡག་པོ་ཐུབ་ཀྱི་འདུག”ཅེས་བཤད།
ད་ལོ་སྐྱིད་གྲོང་རྫོང་གི་ནས་ཞིང་ཁྱོན་མུའུ་ཁྲི་1.02ནས་སྔོན་དཔག་བྱས་ན་ཐོན་འབབ་རྒྱ་མ་ཁྲི་849ཟིན་བཟོ་ཡོད་པ་དང་། པད་ཞིང་མུའུ་ཁྲི་0.4ནས་ཐོན་འབབ་རྒྱ་མ་ཁྲི་164.378ཟིན་བཟོ་ཡོད་པ། གཟན་རྩྭ་དང་གཟན་ཆག་འདེབས་ཁྱོན་མུའུ་1312ནས་ཐོན་འབབ་རྒྱ་མ་ཁྲི་280.65ཟིན་བཟོ་ཡོད་པ། མི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭ་ར་ཁྱོན་མུའུ་8184.32ནས་ཐོན་འབབ་རྒྱ་མ་ཁྲི་1227.648ཟིན་བཟོ་ཡོད་པ་རེད།
ནས་ཀྱི་ཐོན་འབབ་ཡག་པོ་ཡོང་དོན་ནི་སོན་བཟང་ལ་རག་ལས་ཡོད། གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2026ལོར་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་101.51ཟིན་པའི་ནང་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་89.79ཟིན་ཏེ་སོན་བཟང་ཁྱབ་ཚད་95.15%ཟིན་ཡོད།
རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་རྒོད་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཞིང་ཁ་མུའུ་3500ལྷག་ཙམ་ནས་གསུམ་ཆ་གཉིས་ལ་སོན་བཟང“ཧི་མ་ལ་ཡ་ཨང་22པ”བཏབ་པས། ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞིར་གྱུར་ཡོད།
2025ལོར། ནུབ་སྟོད་གྲོང་ཚོའི་མྱང་ཆུ་ཡུང་ཧྥ་ཞིང་འཕྲུལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་སྒོར་ཁྲི་1400ལྷག་ཙམ་ཟིན་པ་དང་། ཁེ་གཙང་སྒོར་ཁྲི་370ལྷག་ཙམ་ཟིན་ནས་ཉེ་བའི་ལོ་བཞིའི་རིང་རིམ་རྩིས་བརྒྱབ་ན་ཡུལ་མིར་བགོ་འགྲེམས་སྒོར་ཁྲི་600ལྷག་ཙམ་བརྒྱབ་ཡོད། “སྔོན་ཆད་ས་ཞིང་འདེབས་སྐབས་གནམ་ཆུར་བརྟེན་དགོས་པས། ལོ་མཇུག་ཏུ་དངུལ་མང་པོ་འདི་འདྲ་རག་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ཡུལ་མི་ཚོས་བགོ་འགྲེམས་དངུལ་རྩིས་རྒྱག་བཞིན་འཛུམ་དམུལ་དམུལ་ངང་བཤད།
རྣམ་གླིང་རྫོང་སོག་ཆེན་ཤང་བསམ་གླིང་གྲོང་ཚོར་སྤུས་ལེགས་སོན་བཟང“ཧི་མ་ལ་ཡ་ཨང་23པ”ཁྱོན་མུའུ་758བཏབ་ཡོད། ཡུལ་མི་བསམ་གྲུབ་སོ་ནམ་ལས་ལ་གཞོལ་ནས་ལོ་ཉི་ཤུ་ལྷག་ཙམ་འགྲོ་གི་ཡོད་ཅིང་། སོན་བཟང་ལ་ཐོན་འབབ་མཐོ་པོ་འདི་འདྲ་ཡོད་པ་མཐོང་སྐབས། ཁོང་གིས་ནང་མི་དང་གྲོས་བསྡུར་བྱས་ནས་ད་ལོ་མུའུ་15.82ཀྱི་སར་སོན་བཟང“ཧི་མ་ལ་ཡ་ཨང་23པ”བཏབ་པ་རེད། “ན་ནིང་དང་བསྡུར་ན‘ཧི་མ་ལ་ཡ་ཨང་23པ’བཏབ་རྗེས་སྔོན་དཔག་བྱས་ན་མུའུ་རེ་ནས་ཐོན་འབབ་རྒྱ་མ་15ནས་20བར་འཕར་རེ་ཡོད། ད་ཆ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མས་སོན་བཟང‘ཧི་མ་ལ་ཡ་ཨང་23པ’འདེབས་པའི་རེ་བ་བྱེད་ཀྱི་ཡོད”
གཞིས་རྩེར་འབྲུ་རིགས་ལ་ལོ་ལེགས་བྱུང་བ་ཁོ་ན་ག་ལ་ཡིན།
པ་སྣམ་རྫོང་གི་འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་ཀྲོ་མ་ཀྲུ་དང་། སུར་པན། ཧོང་ཀྭ་བཅས་ཚོན་མདོག་མི་འདྲ་བའི་ཚལ་རིགས་སྣ་ཚོགས་བཏབ་ཡོད། སྔོན་ཆད་ལ་ཕུག་དང་ཞོག་ཁོག་ཁོ་ན་ལས་འདེབས་མི་ཐུབ་པའི་ས་ཆ་འདིར་ད་ཆ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.74བར་མང་དུ་ཕྱིན་པ་དང་། ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཙམ་ཟིན་ཏེ་རྫོང་ཡོངས་ཀྱི་ཞིང་དུད་7000ལྷག་ཙམ་ཁྲོད་ནས་དུད་ཚང་3200ལྷག་ཙམ་གྱི་མི་ཁྲི་1.8སྔོ་ཚལ་ཐོན་སྐྱེད་ནང་ཞུགས་པས་བོད་ཀྱི“ཚལ་ཞིང”ཆེ་ཤོས་སུ་གྱུར་ཡོད།
རྣམ་གླིང་རྫོང་གི་ཞིང་ནང་ནས་རྣམ་པ་གཞན་ཞིག་མངོན་པ་སྟེ། ཨེ་མ་ཤང་གི་ཞོག་ཁོག་འདེབས་ཁུལ་དུ་འདྲུད་འཐེན་འཁོར་ལོ་ཕར་འགྲོ་ཚུར་འོང་བྱེད་པ་དང་བསྟུན་ནས་རྡོག་ཁ་ཆེ་བའི་ཞོག་ཁོག་རེ་རེ་ས་འོག་ནས་དཀར་རིལ་རིལ་དུ་དོན་བཞིན་འདུག 2025ལོར་རྫོང་ཡོངས་ཀྱི་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་4.82ཟིན་པ་དང་ཐོན་འབབ་བསྡོམས་ཏུན་ཁྲི་12.64ཟིན་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་2ཡོང་བར་སྐུལ་ཁྲིད་བྱས་ཡོད།
འབྲས་ལྡན་སྟོན་གྱི་དུས་འདིར། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་ཏུ་རྫོང་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སོ་ནམ་ལས་ལ་བྲེལ་བཞིན་ཡོད། འོན་ཀྱང་རྩིས་ཁྲར་འཁོད་པ་ནི་དོན་དག་གཅིག་རང་ཡིན་པ་སྟེ། དེ་ནི་ཞིང་ནང་གི་ཐོན་འབབ་དག་ཁྱིམ་ཚང་གི་ཡོང་འབབ་ངོ་མར་འགྱུར་བཞིན་པ་དེ་རེད། འབྲུ་རྡོག་རེ་རེ་དང་། ཞོག་རིལ་རེ་རེ། སྔོ་ཚལ་རྒྱ་མ་རེ་རེ་བཅས་ཚང་མ་ནི་སོ་ནམ་པའི་ལོ་ཧྲིལ་པོའི་དཀའ་སྤྱད་རྔུལ་ཆུ་དང་རེ་སྒུག་རེད་ལ། དེང་རབས་ཞིང་ལས་ཚན་རྩལ་ས་མཐོའི་ཞིང་ས་གཤིན་པོར་གཞི་ཚུགས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།