དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ནི་ནམ་ཡང་བརྟན་ལྷིང་དང་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་རེད”

    ​—— ཧིན་རྡུ་ཉི་ཞི་ཡ་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལཱ་དབྱི་ཧན·ལུའོ་ནུའོ་ཏི་ཕུའུ་ལུའོ་ལ་འཚམས་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-13


    ཉེ་ཆར། ཧིན་རྡུ་ཉི་ཞི་ཡ་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལཱ་དབྱི་ཧན·ལུའོ་ནུའོ་ཏི་ཕུའུ་ལུའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད། འབྱུང་འགྱུར་འབོ་གསེར་རྒྱལ་ཁབ་ཀྱིས་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བའི་ཁྲོད་ཀྱི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐེ་ཞུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་བརྗོད་པ་རེད།

    ད་ལོ་ནི་འབོ་གསེར་རྒྱལ་ཁབ་མཉམ་ལས་བྱས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ལུའོ་ནུའོ་ཏི་ཕུའུ་ལུའོ་ཡིས“ལོ་20ཡི་རིང་འབོ་གསེར་མཉམ་ལས་དེ་ཞིབ་འཇུག་སྙན་ཞུའི་ནང་གི་དཔལ་འབྱོར་ཐ་སྙད་ནས་གསར་དར་དཔལ་འབྱོར་དངོས་ཚན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད། དངུལ་ཁང་གསར་པ་གསར་སྤེལ་དང་འཕྲལ་སྡོམ་གྲབས་གསོག་བཀོད་སྒྲིག་སོགས་ཀྱི་ལམ་སྲོལ་བཙུགས་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དངུལ་རྩ་བརྟན་པོ་སྲུང་སྐྱོང་བྱེད་པར་གདམ་ག་གསར་པ་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།

    ལུའོ་ནུའོ་ཏི་ཕུའུ་ལུའོ་ཡིས“འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དེས་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚོགས་སྤྱི་མཉམ་དུ་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཡོད་ལ། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བར་ཞུགས་པའི་ཐུན་མོང་གི་རེ་འདུན་དེ་བས་གཏིང་ཟབ་མཚོན་ཡོད། འབོ་གསེར་མཉམ་ལས་ཀྱི་འདུ་ཤེས་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བའི་ཁས་ལེན་ཐོབ་ཡོད”ཅེས་བརྗོད་པ་རེད།

    རྡི་ལི་གསར་པའི་འབོ་གསེར་དབུ་ཚོགས་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདོང་ལེན་པ་དང་། ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གདོང་ལེན་པ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་གདོང་ལེན་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་གདོང་ལེན་པ་བཅས་བྱེད་དགོས་ཞེས་བཏོན་གནང་བ་དང་འབྲེལ། མི་ཐབས་རིག་ནུས་ཀྱི་འབྱུང་ཁུངས་གསར་འབྱེད་ཀྱི་ཀུན་ཕན་གྲོས་འགོ་དང་། ཚོང་དོན་མ་འཇོག་སྟབས་བདེ་ཅན་གྱི་གྲོས་འགོ གྲངས་འཛིན་ཐོན་ལས་མཉམ་ལས་ཀྱི་གྲོས་འགོ རིག་ནུས་བཟོ་སྐྲུན་མཉམ་ལས་ཀྱི་གྲོས་འགོ ཚན་རྩལ་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་གི་གྲོས་འགོ་སོགས་འབོ་གསེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གྲོས་འགོ་ཁག་5བཏོན་གནང་ཡོད།

    ལུའོ་ནུའོ་ཏི་ཕུའུ་ལུའོ་ཡིས“འབོ་གསེར་མཉམ་ལས་ཀྱི་འཕེལ་རིམ་ཁྲོད། ཀྲུང་གོ་ནི་ནམ་ཡང་བརྟན་ལྷིང་དང་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་རབ་དང་རིམ་པས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་དེ་བས་ཁ་ཕྱོགས་གསལ་པོ་བཏོན་གནང་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་འབོ་གསེར་གྱི་ཁོངས་ཞུགས་རྒྱལ་ཁབ་མང་དུ་གཏོང་བ་དང“འབོ་གསེར་ཆེན་པོའི་མཉམ་ལས”ལ་སྐུལ་འདེད་ཧུར་ཐག་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དེ་ཐོག་ནས་སྒོ་དབྱེ་བསྟུན་མཁས་ཀྱི་མཉམ་ལས་འདུ་ཤེས་མངོན་ཡོད། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་མཉམ་ལས་དང་ལག་རྩལ་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་འབོ་གསེར་རྒྱལ་ཁབ་ཀྱི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད།

    རྡི་ལི་གསར་པའི་བསྒྲགས་གཏམ་ནང་དུ་འདས་ཟིན་པའི་ལོ་20ཡི་འབོ་གསེར་མཉམ་ལས་ཀྱི་རྨང་གཞིའི་ཐོག་ཚོགས་མི་མང་དུ་བཏང་རྗེས་ཀྱི་འབོ་གསེར་གྱི་ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར་ཚོང་དོན་དང་ནོར་སྲིད་དངུལ་རྩ། མི་ཆོས་རིག་གནས་སྤེལ་རེས་བཅས་ཀྱི“རེས་སྐོར་གསུམ་གྱི་སྒུལ་ཤུགས”མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཞི་བདེར་སྐུལ་འདེད་བཏང་ནས་དེ་བས་མཚོན་བྱེད་རང་བཞིན་ལྡན་པ་དང་དེ་བས་དྲང་གཞག་གི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པ་དང་། ཕྱོགས་མང་མ་ལག་བསྐྱར་གསོ་དང་སྒྱུར་བཅོས་བྱེད་པ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་བསྟུན་མཁས་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བ། འབོ་གསེར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་བསྟན་ཡོད།

    ལུའོ་ནུའོ་ཏི་ཕུའུ་ལུའོ་ཡིས་ཀྲུང་གོས་འབྱུང་འགྱུར་འབོ་གསེར་གྱི་དངོས་སྒྲུབ་མཉམ་ལས་ཁྲོད་མུ་མཐུད་དགེ་མཚན་གལ་ཆེན་འདོན་ཐུབ་ངེས་རེད། “ཀྲུང་གོས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ལག་རྩལ་མཉམ་སྤྱོད་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་འབོ་གསེར་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་སྐད་ཆ་ཤོད་རེས་ལ་སྔར་བས་སྐུལ་འདེད་གཏོང་ཆོག ངས་འབོ་གསེར‘ཀྲུང་གོའི་ལོར’རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་འབོ་གསེར་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་ཁོངས་ཞུགས་རྒྱལ་ཁབ་གསར་པ་འབོ་གསེར་གྱི་མཉམ་ལས་ལམ་སྲོལ་ཁག་ལ་དེ་བས་ལེགས་པའི་ངང་ཞུགས་རྒྱུར་རོགས་རམ་བྱེད་པ་དང་འབྲེལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་དང་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།