ཀྲུང་གོ་དང་ཧྥ་རན་སེས་འཐབ་ཇུས་གླེང་མོལ་བྱས་པ།
ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱིས་ཏཱ་ཐུང་དུ་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་ཕྱོགས་ལས་དོན་བློ་འདྲི་བ་པོ་ནཱ་དང་ཀྲུང་གོ་དང་ཧྥ་རན་སེའི་འཐབ་ཇུས་གླེང་མོལ་ཐེངས་ཉེར་བརྒྱད་པ་བྱས་པ་རེད།
ཝང་དབྱི་ཡིས། ཀྲུང་གོ་དང་ཧྥ་རན་སེའི་འཐབ་ཇུས་གླེང་མོལ་གྱིས་གཙོ་བདག་གི་ཕྱི་འབྲེལ་ལ་ཞབས་འདེགས་ཞུས་པ་མ་ཟད་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བརྟན་དུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་ཧྥ་དང་ཀྲུང་ཡོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་དང་། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་ཆེད་གསར་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་མཁའ་འགྲུལ་སྐར་སྐྱོད་དང་ཉིང་རྡུལ་ནུས་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་རྒྱ་སྟོབས་ཆེ་རུ་དང་། སྔོན་ཐོན་བཟོ་སྐྲུན་དང་། ལྗང་མདོག་ཐཱན་ཉུང་། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་མ་འཇོག་ལས་དར་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁོར་ཡུག་ཡག་པོ་བསྐྲུན་རྒྱུའི་རེ་བ་ཡོད། ཀྲུང་ཧྥ་གཉིས་ཀྱིས་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་མཉམ་དུ་འཛུགས་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ཀྱི་ཁས་ལེན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཀྲུང་ཧྥའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡག་པོ་སྲུང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
པོ་ནཱ་ཡིས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། མཛའ་གྲོགས། ཡིད་ཆེས། གསོན་ཤུགས་ལྡན་པ་བཅས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོ་ཞིག་རྒྱུན་མཐུད་འཛུགས་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུ་གི་ཡིན། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་དང་། ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་རྩ་བསྐྲུན་རྒྱུའི་རེ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྔོན་དཔག་ཐུབ་པའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྐྲུན་གྱི་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་གྲོས་འགོར་གདེང་འཇོག་ཡག་པོ་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།