སི་ཁྲོན་གྱ་གྱུ་ལར་ཕུག་ལམ་བསྐྲུན་པས་སྔོན་མའི་རི་ལམ་བདེ་ལམ་དུ་གྱུར་པ།
ཕུག་ལམ་ཤར་གཏོང་ཐུབ་པས་རི་བོའི་ངོགས་གཉིས་དར་རྒྱས་བྱུང་བ།

འདི་ནི་སི་ཁྲོན་གྱ་གྱུ་ལའི་ཕུག་ལམ་ཡིན་པ།
ལ་རྒྱག་པར་ཉུང་མཐར་ཡང་ཆུ་ཚོད་གཅིག་འགོར་གྱི་ཡོད། ཕུག་ལམ་ནང་ཡོང་ན་སྐར་མ་བཅུ་ལས་འགོར་གྱི་མེད།
ལོ་གཅིག་གོང་གི་ཟླ་10པར་གྱ་གྱུ་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས་སི་ཁྲོན་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་དང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་དུ་འགྲོ་འོང་བྱེད་པའི་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ནས། ཁ་བས་རི་ལམ་འགག་སྐབས་རི་བོའི་ངོགས་གཉིས་ཀྱི་མང་ཚོགས་ཁྲི་11འགྲོ་སྐྱོད་དཀའ་བའི་དཀའ་གནད་རྦད་དེ་བསལ་ཡོད།
རླངས་འཁོར་གྱ་གྱུ་ལའི་ཕུག་ལམ་ནང་འཛུལ་སྐབས་ལོ་རྒྱུས་དང་དེང་དུས་ཀྱི་རྣམ་པ་ཅིག་ཅར་དུ་མངོན་པ་སྟེ། 1935ལོའི་ཟླ་6པར། ཀྲུང་དབྱང་དམར་དམག་གིས་ངར་ལྕགས་ལྟ་བུའི་བློ་སྟོབས་ལ་བརྟེན་ནས་རྐང་ཐང་མར་ལོ་འཁོར་མོར་གངས་གསོག་ཐེབས་པའི་གྱ་གྱུ་ལ་བརྒལ་ཡོད། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་ས་གནས་དེ་གའི་མི་སེར་ལ་ལྕག་སྐུལ་ཆེན་པོ་ཐེབས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ནས་ད་ཆའི་རྒྱང་སྐྱོད་ལམ་དུ་ཡག་པོ་སྐྱོད་པར་ངེས་པར་དུ་མི་དམངས་སེམས་དབུས་སུ་འཇོག་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། གཡག་རྔ་གྲོང་ཁྱེར་དང་རྔ་པ་ཀྲོའུ་སོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་དང་དགེ་མཚན་ཆེ་རིགས་འདོན་སྤེལ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ཕུག་ལམ་ནང་རླངས་འཁོར་ཤར་གཏོང་ཐུབ་རྗེས། ས་གནས་དེ་གའི་གསར་བརྗེའི་རིག་གནས་ཡུལ་སྐོར་རྟེན་གཞི་མི་དེ་བས་མང་བའི་མིག་ལམ་དུ་མངོན་ཡོད།
གྱ་གྱུ་ལའི་ལ་ཉག་ཏུ་ཨན་ཧུའེ་ཡི་ཡུལ་སྐོར་བ་ལི་ལན་ཁྲུན་གྱིས་དགའ་ཚོར་ཆེན་པོས་དྲན་རྟེན་པར་བརྒྱབ་ཅིང་། ཁོང་གིས“གྱ་གྱུ་ལ་ནི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱེད་སྐབས་བརྒལ་བའི་གངས་རི་མཐོ་པོ་དང་པོ་དེ་ཡིན་པ་དང་། དེ་ནི་ང་ཚོས་སྒེར་འཁོར་བཏང་ནས་ཕྱིར་སྐྱོད་སྐབས་ལྟ་སྐོར་བྱེད་དགོས་ངེས་ཀྱི་ས་ཆ་ཞིག་རེད”ཅེས་བཤད།
གྱ་གྱུ་ལའི་ཕུག་ལམ་དེས་ཏ་ཡུང་དམག་དཔུང་ལྷན་འཛོམས་ཟམ་པ་དང་། པི་ཧྥུང་གྲོག་རོང་། སྐུ་བླ་རི་བོ་སོགས་སྦྲེལ་མཐུད་ཐུབ་ཡོད། དེ་ལ་བརྟེན་ནས་པའོ་ཤིང་རྫོང་གིས་རྒྱང་སྐྱོད་དང་། ཕྱི་རོལ། ཞིབ་སྦྱོང་བཅས་ཟུང་དུ་འབྲེལ་བའི་ཁྱད་ལྡན་ལམ་ཐིག་བཏོད་པས། ཡུལ་སྐོར་བས་དམར་དམག་གི་རྐང་ཐང་ལམ་དུ་སྐྱོད་པ་དང་གསར་བརྗེའི་རིག་གནས་ཀྱི་བསམ་བཀོད་ཐོན་རྫས་ཉོ་ཆོག་གི་ཡོད།
གསར་བརྗེའི་རིག་གནས་ཡུལ་སྐོར་རིམ་བཞིན་འཕེལ་རྒྱས་འགྲོ་འགོ་ཚུགས་པས་རྒྱལ་སྟོན་གུང་གསེང་རིང་པའོ་ཤིང་རྫོང་ཨུལ་རྩེ་བོད་རིགས་ཤང་གི་དམངས་སྲོལ་གནས་ཚང་དུ་མགྲོན་ཁང་རག་ཁག་པོ་ཡོད། “ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་ཚང་མ་སླེབས་སོང་། གུང་གསེང་སྐབས་རྟག་ཏུ་མགྲོན་ཁང་ཚང་མ་ཁེངས་ཀྱི་འདུག”ཅེས་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་མཁན་ཨུལ་རྩེ་བོད་རིགས་ཤང་གྱ་གྱུ་ལ་གྲོང་ཚོའི་ཡུལ་མི་ནམ་མཁའ་སྨན་གྱིས་དེ་ལྟར་བཤད་པ་དང་། ཁོང་ནི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ཞིག་གི་སྦྱིན་བདག་ཀྱང་ཡིན་པ་རེད།
ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་ཡང་མི་དེ་བས་མང་བས་རྒྱུས་མངའ་བྱུང་ཡོད། “ང་ཚོས་ཀྱང་གསར་བརྗེའི་གཞི་རྒྱུ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་བསམ་གཞིག་བྱེད་ཀྱི་ཡོད”ཅེས་ནམ་མཁའ་སྨན་གྱིས་བཤད།
“གསར་བརྗེའི་རྩ་བ་བརྟན་པོར་སྲུང་བ་དང་། གསར་བརྗེའི་ཐོན་ཁུངས་འཕེལ་བ། གསར་བརྗེའི་རིག་གནས་ཡུལ་སྐོར་ཡག་ཏུ་གཏོང་བ་བཅས་བྱས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་པའོ་ཤིང་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་དབྱང་ཁྲེན་གྱིས་བཤད་པ་དང་། ཁོང་གིས། ཕུག་ལམ་ནང་རླངས་འཁོར་ཤར་གཏོང་ཐུབ་རྗེས་གཡག་རྔ་གྲོང་ཁྱེར་དང་རྔ་པ་ཀྲོའུ་ཡི་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དེ་བས་དམ་དུ་སྦྲེལ་བའི་སྐོར་ལམ་ཞིག་ཏུ་གྱུར་ཡོད། 2025ལོ་ནས་བཟུང་པའོ་ཤིང་དུ་གསར་བརྗེའི་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་230ལྷག་ཙམ་ཟིན་ཡོད་ཅེས་བཤད།
ཕུག་ལམ་གྱི་སྣེ་གཞན་ཞིག་ཏུ་ཡོད་པའི་བཙན་ལྷ་རྫོང་གི་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།
ཏ་ཡུང་གྲོང་རྡལ་མའོ་ཧྲུའེ་གྲོང་ཚོའི་ཅིན་ཧྲན་རྒྱ་སེ་མེ་ཏོག་རྟེན་གཞིར་རྒྱ་སེ་མེ་ཏོག་གི་སྣུམ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཐོན་གྲབས་ཡོད་པ་རེད། ཉིན་ཤས་བསྟུད་མར་དྲག་ཆར་བབས་པས། ནམ་རྒྱུན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་སའི་ལམ་བུར་གནས་སྐབས་འགྲོ་སྐྱོད་དཀའ་བའི་འགོག་རྐྱེན་འཕྲད་མོད། འོན་ཀྱང་ད་ཐེངས་སྐྱེལ་འདྲེན་ཁ་ལོ་བ་ཁྲེན་ཝང་ལུན་གྱི་ངོ་གདོང་ལས་དངངས་སྐྲག་གི་སྣང་བ་སྤུ་ཙམ་མཐོང་རྒྱུ་མེད།
“རྟེན་གཞི་ནས་ཕུག་ལམ་བར་སྐར་མ་10ལྷག་ཙམ་ལས་འགོར་གྱི་མེད། ལམ་གཙོ་བོ་འགག་པས། ང་ཚོས་ཁ་ལོ་བསྒྱུར་ནས་ཕུག་ལམ་ཕྱོགས་སུ་བསྐྱོད་པ་ཡིན”ཞེས་ཁྲེན་ཝང་ལུན་གྱིས་བཤད།
“རྟེན་གཞི་ནས་ཉིན་ལྟར་མ་བཅོས་རྒྱུ་ཆ་དང་རྒྱ་སེ་མེ་ཏོག་གི་ཐོན་རྫས་སྣ་ཚོགས་ཕྱིར་དབོར་འདྲེན་བྱེད་ཀྱི་ཡོད། གྱ་གྱུ་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དེས་གནམ་གཤིས་ཧ་ཅང་ཞན་པའི་འོག་ཟོག་འདྲེན་གྱི་བདེ་འཇགས་ཆེ་རུ་ཕྱིན་ནས་ཟོག་འགྲུལ་བརྟན་པོ་ཡོང་བར་འགན་ལེན་ཐུབ་ཡོད”ཅེས་བཙན་ལྷ་རྫོང་ཚན་རིག་ལག་རྩལ་དང་ཞིང་འབྲོག་ལས་ཆུ་དོན་ཅུས་ཀྱི་ཅུས་ཀྲང་ཧྲི་ཡུང་ཅན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཅིན་ཧྲན་རྒྱ་སེ་མེ་ཏོག་རྟེན་གཞི་ནི་བཙན་ལྷ་རྫོང་གི་ས་མཐོའི་རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་ལས་སྣོན་ལྟེ་གནས་གཙོ་བོ་ཡིན་པ་དང་། རྟེན་གཞིའི་སྐུལ་ཁྲིད་འོག་མིག་སྔར་བཙན་ལྷ་རྫོང་གི་རྒྱ་སེ་མེ་ཏོག་འདེབས་ཁྱོན་མུའུ་ཁྲི་1.5ལྷག་ཙམ་ཟིན་པ་དེ་ཤང་གྲོང་13གྱི་གྲོང་ཚོ་46དང་མང་ཚོགས་དུད་ཚང་3000ལྷག་ཙམ་ལ་ཁྱབ་ཡོད་ཅེས་བཤད།
གྱ་གྱུ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཟོག་འགྲུལ་གྱི་མ་གནས་ཐད་ཀར་དམའ་རུ་ཕྱིན་ཞིང་། རྔ་པ་ཀྲོའུ་ཡིས་དེང་རབས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་མ་ལག་བསྐྲུན་པར་རམ་འདེགས་ནུས་ལྡན་ཐུབ་སྟེ། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་ཐུབ་ཡོད། 2025ལོར་རྔ་པ་ཀྲོའུ་ཡི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་199.66ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ཡོད།
“དམར་དམག་གིས་ང་ཚོར་བསམ་པའི་རྒྱུ་ནོར་རྩ་ཆེན་བཞག་ཡོད” རྔ་པ་ཀྲོའུ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཤང་ཀྲེང་དབྱི་ཡིས། རྔ་པ་ཀྲོའུ་ཡིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།