“དོན་ཆེན་བཞི”བསམ་སྤྱོད་གཅིག་མཐུན་ཡོང་བར་བྱེད་པ།
—— ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱས་པའི་སྐོར་གྱི་ལྟ་ཞིབ་གསར་པ།
བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལྟེ་བའི་ལས་འགན་ཡིན་ཞིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་ཐུབ་མིན་གྱིས་བོད་ཀྱི་ཏང་ཡོན་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བསམ་པའི་ཉམས་འགྱུར་དང་། ལས་སྒྲུབ་འཇོན་ཐང་། ལས་ཀའི་སྤྱོད་ཚུལ་བཅས་ལ་ཚོད་བགམ་བྱེད་ཀྱི་ཡོད།
ཡར་ཀླུང་གི་ས་གཞི་ཆེན་པོར་སྐྱོད་སྐབས། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི“ལྗང་མདོག་ཁྱམས་རིང”སྔོ་ཐིང་ངེར་གནས་པ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི“དམངས་ཕྱུག་གྲོང་གསར”དར་འཕེལ་བྱུང་བ། འོད་ཤུགས་གློག་འདོན་ཤེལ་ལེབ་གྲལ་སྟར་འགྲིག་པ། གསར་དར་ཐོན་ལས་ཀྱི་སྒུལ་ནུས་འཕེལ་བ་སོགས་ཉམས་དགའ་བའི་འཕོ་འགྱུར་བྱུང་བ་ལས། སྔོན་ཆད་ལུང་ཁུག་ཡིན་པའི་ས་མཐོའི་མཐའ་མཚམས་གྲོང་ཁྱེར་ད་ཆ་སྤྱི་ཡོངས་དང་མཉམ་འདྲེས་ཀྱི“ས་ཁོངས་ལྟེ་བར”འགྱུར་བཞིན་ཡོད།
“ཡུལ་བབ་དང་བསྟུན་པའི”བརྟག་ཐབས་སྨྲ་བ་གང་ལེགས་སྤྱད་པ།
བོད་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཡུལ་སྐོར་དམིགས་ས་ཞིག་ཡིན་པས། ས་གནས་ཁག་གིས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། ལྷོ་ཁས་ཁྱད་ཆོས་མངོན་གསལ་དོད་པོ་ཇི་ལྟར་ཡོང་བར་བྱས་ཏེ་ཁྱད་པར་ཅན་གྱི་འགྲན་རྩོད་བྱེད་རིང་གོ་སྐབས་ཡག་པོ་བརྩོན་ལེན་བྱས་པ་སྟེ།
ལྷོ་ཁས་བཏོད་པའི་སྤུས་རྟགས་ནི་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཡིན་ཞིང་། ཕྱི་རོལ་རི་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མི་རིགས་ལུས་རྩལ་གྱི་རྨང་གཞི་ཡག་པོ་སོགས་རང་རང་སོ་སོའི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ལམ་ཐིག་དང་རྣམ་གྲངས་རྩེ་གྲ་བཏོད་ནས་ཡུལ་སྐོར་བས་ལྟ་སྐོར་ནས་ཉམས་ལེན་ཟབ་མོ་བྱེད་པའི་ཕྱོགས་སུ་གཞོལ་གྱི་ཡོད།
ལྷོ་ཁར“སེ་འབྲུའི་བུམ་པ”ཞེས་པའི་རྩྭ་ཐང་གི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དང་ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར་སོགས་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ཡོད་ཅིང་། “ངོ་མཚར་ཅན”གྱི་འགྲན་སློང་འགྲན་བསྡུར་དང་རྐང་ཐང་འདུ་ཚོགས་སོགས་འགྲན་བསྡུར་ཁག་ཚ་ཚ་འུར་འུར་ངང་སྤེལ་བས“འགྲན་བསྡུར་ཐེངས་གཅིག་དང་། ས་ཆ་གཅིག་ལ་ཡུལ་སྐོར། མི་ཚེ་གཅིག་ལ་བརྗེད་པར་དཀའ་བའི”རིག་གནས་ཡུལ་སྐོར་གྱི་ཕན་འབྲས་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3200ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་133ཟིན་ནས་ཡུལ་སྐོར་བའི་གྲངས་འབོར་དང་ཡོང་འབབ་གཉིས་ཀ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྡབ་1.6ཟིན་ཡོད་པ་རེད།
“ཡུལ་བབ་དང་བསྟུན་པ་ནི‘ལག་པར་གང་ཡོད་པ་་འཚོང་བ་མིན’”ཞེས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཤིང་པི་ཡིས་བརྗོད་ཅིང་། ཁོང་གིས“ཡར་འབྲོག་གཡུ་མཚོའི‘ལྷིང་འཇགས’དང་། སྐུ་ལྷ་གངས་རིའི‘ཉེན་ཁ’ ཡར་ཀླུང་གཙང་པོའི་གྲོག་རོང་གི‘རིག་གནས’ ཧི་མ་ལ་ཡའི་གྲོག་རོང་གི‘ཉམས་བཟང’སོགས་སོ་སོའི་ཁྱད་ཆོས་དང་ཉམས་འགྱུར་ལ་བརྟེན་ཚེ། ལས་རིགས་ཚང་མ་གཅིག་ཤོར་གཉིས་ཤོར་ངང་འཕེལ་རྒྱས་འགྲོ་ཐུབ”ཅེས་བརྗོད་པ་རེད།
འཕེལ་རྒྱས་ནི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པས། བོད་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན། “ཡུལ་བབ་དང་བསྟུན་པའི”བརྟག་ཐབས་སྨྲ་བ་གང་ལེགས་སྤྱད་ན། གཞི་ནས་རང་ངོས་ཀྱི་ཁྱད་ཆོས་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ།
རྒྱ་ཚ་རྫོང་དུ་འགྲོ་མྱོང་བའི་ཡུལ་སྐོར་བ་རྣམས་སྟར་སྡོང་ཆེན་པོ་དེ་དག་གིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག རྒྱ་ཚའི་ལུང་གཞུང་དུ་གནའ་བོའི་སྟར་སྡོང་3600ལྷག་ཙམ་སྐྱེས་ཡོད་པ་ནི་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཐོན་ཁུངས་རྩ་ཆེན་ཞིག་རེད།
“སྟར་ཀ་གཅིག”ལ་དམིགས་ནས་གནད་སྨིན་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་བྱས་ཤིང་། རྒྱ་ཚས་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་། རིག་གནས་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་བཞིན་བཙུགས་ནས་ལུང་གཞུང་དུ་སྐྱེས་ཏེ་ལོ་ཟླ་གྲངས་མེད་སོང་བའི་སྟར་ཀ་དེ་དག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི“གསེར་གྱི་ཤིང་འབྲས”སུ་གྱུར་ཡོད།
གསོན་ཉམས་དོད་པའི་ལག་ལེན་ལས་བབ་ཆགས་པའི་གནས་ལུགས་ཤིག་ར་སྤྲོད་ཐུབ་པ་སྟེ། ཐམས་ཅད་དོན་དངོས་ལ་གཞིགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་རྨང་གཞིའི་ཆ་རྐྱེན་ལ་གཞི་ཚུགས་ན། འགྲན་ལམ་ཡང་དག་འཚོལ་ཐུབ་པ་དང་རང་ཉིད་ལ་དབང་བའི་གྲུབ་འབྲས་བཟང་པོ་འཐོབ་ཐུབ།
གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཁྲོད་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ།
འོད་ཤུགས་ཤེལ་ལེབ་ནི་མཐའ་ཡས་རྒྱ་མཚོ་དང་འདྲ་བར་སྒུལ་ནུས་ཚད་མེད་སྦྱིན་ཞིང་། འོད་ཤུགས་ཤེལ་ལེབ་ཀྱི་བར་དུ་སྔོན་ཆད་སྐྱ་ཐེར་ཐེར་ཡིན་པའི་རི་སྒང་ད་ཆ་རྩྭ་རྩི་ཤིང་གིས་ཁེངས་ཤིང་ནོར་ལུག་ཁྱུ་དང་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་མཆིས།
ཟངས་རི་རྫོང་དུ“འབྲོག་འོད་གསབ་རེས”ཀྱི་ཡི་གར་འོང་བའི་ངང་ཚུལ་གྱིས་མི་རྣམས་ཀྱི་ཡིད་སེམས་མྱོས་པར་བྱེད་ཅིང་། རྣམ་པ་དེ་རིགས་མངོན་འགྱུར་ཡོང་བར། ཁ་འགྲེམ་རྣམ་པའི་འོད་ཤུགས་ཐོན་ལས་རྣམ་གྲངས་སྐྲུན་འགོ་འཛུགས་སྐབས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཇུས་འགོད་བྱེད་དགོས་པ་དང་། སྒྲོམ་སྟེགས་ཀྱི་མཐོ་ཚད་དང་ཤེལ་ལེབ་དབར་བར་ཐག་ལུགས་མཐུན་བཞག་ནས་གློག་གཏོང་ལས་ཕྱོད་དང་ཕྱུགས་རྩྭ་སྐྱེ་འཚར། ནོར་ལུག་འཚོ་སའི་བར་མཐོངས་བཅས་ལ་བསམ་བློ་གཏོང་བ་མ་ཟད། ད་དུང་རི་ལྡེབས་བཅོས་སྒྲིག་དང་། རྩྭ་སོན་འདེབས་འཛུགས། ཕྱུགས་འཚོའི་ཆེད་དམིགས་བགྲོད་ལམ་གཏོད་དགོས་པ་མ་ཟད། དུས་མཚམས་ཕྱེས་ནས་ཕྱུགས་འཚོ་དགོས།
འོད་ཤུགས་དང་། བྱེ་བཅོས། ཞིང་འབྲོག་ལས་བཅས་ཟུང་དུ་འབྲེལ་བའི་རྣམ་པ་ལས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཡུལ་ལུང་གཅིག་ཏུ་མཉམ་དུ་མངོན་འགྱུར་ཡོང་བཞིན་ཡོད།
“དོན་ཆེན་བཞི”ནི་ཁེར་རྐྱང་གི་དོན་དག་བཞི་གཏན་ནས་མིན་པར་དམིགས་ཚད་ཁ་གསལ་ལྡན་པའི་བརྒྱུད་རིམ་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཁྲོད་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། མཐར་མངོན་དུ་འགྱུར་བ་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རེད།
ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སླེབས་སྐབས། རི་སྔོན་ཆུ་དྭངས་ཀྱི་ཁྲོད་དེང་རབས་ཅན་གྱི་གྲོང་རྡལ་ཆུང་གྲས་ཤིག་གི་རྣམ་པ་རགས་ཙམ་ཆགས་ཡོད། སྔོན་ཆད་ཀྱི“མི་གསུམ་ཤང”དེ་ད་ཆ་སྐད་གྲགས་ཆེ་བའི་གསར་བརྗེའི་གནས་རྟགས་དང་ཡུལ་སྐོར་གྲོང་རྡལ་ཆུང་ངུར་གྱུར་ནས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་སོགས་ཀྱི་སྒྲིག་བཀོད་ཚང་མ་ཤར་གཏོང་ཐུབ་པ་མ་ཟད། དེང་རབས་ཅན་གྱི་འཕྲོད་བསྟེན་ཁང་དང་། ཚད་ལྡན་ཅན་གྱི་སློབ་ཆུང་། ཡུལ་སྐོར་བ་སྣེ་ལེན་ལྟེ་གནས་བཅས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དེ་ཡོངས་ཀྱི་མང་ཚོགས་དུད་ཚང་55ཡིས་སྒོ་རྩ་ནས་ཡུལ་སྐོར་གྱི་ཡོང་འབབ་བརྟན་པོ་གསོག་ཐུབ་ཡོད་པ་རེད།
རྒྱལ་ཁབ་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་དེ་བཞིན་ལྷན་སྦྱར་རྣམ་གྲངས་ལ་བརྟེན་ནས་ཡུལ་སྨད་ཀྱང་དེ་བཞིན་དུ་དམིགས་ཚད་མང་པོ་ལོན་ཏེ་འཕོ་འགྱུར་ཉམས་དགའ་བ་བྱུང་ཡོད། མཐའ་སྟོབས་ལས་སྤྱི་པའི་སྒྲིག་བཀོད་དང་ཞབས་ཞུར་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆ་བསལ་བ། མང་ཚོགས་བབ་དང་བསྟུན་ནས་ཡུལ་སྐོར་ཐོན་ལས་ནང་ཞུགས་ཐུབ་ཡོད། དེའི་ཁྲོད་ནས་ཐོབ་པ་ནི་ཡོང་འབབ་བརྟན་པོ་ཞིག་ཡིན་པ་མ་ཟད། ཁྱིམ་གཞིས་ལ་བཅངས་པའི་དགའ་ཞེན་དང་སྲུང་སྐྱོང་དེ་བས་ཀྱང་ཡིན།
བརྟན་ལྷིང་ལས་དོན་ལ་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་ཡོད་པ་དང་སྐྱེ་ཁམས་སྲུང་སྐྱོང་དེ་དམངས་འཚོ་དང་འབྲེལ་བ་དམ་ཟབ་བྱུང་ཚེ། “དོན་ཆེན་བཞི”ཕན་ཚུན་མཐུན་རྐྱེན་སྦྱོར་ཐུབ་པ་དང་སྤྱི་འདོམས་དེ“སྣོན་རྩིས”ནས“སྒྱུར་རྩིས”སུ་གྱུར་ཏེ་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་སྲིད།
“མི་སེམས་གཅིག་སྒྲིལ”གྱི་འགག་རྩ་དེར་དམིགས་པ།
བོད་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས། མི་སེམས་གཅིག་སྒྲིལ་དེ་སྲིད་སྐྱོང་གི་རྨང་གཞི་དང་བྱ་གཞག་གི་རྒྱལ་ཕམ་དང་འབྲེལ་བ་ཡོད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཐུན་མོང་གི་ངོས་འཛིན་ཆེན་པོ་ཞིག་ནི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ་དེ་རེད།
མཚོ་སྣ་གྲོང་ཁྱེར་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཆ་སྙོམས་ས་བབ་སྨི་4000ཟིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་-0.6°Cཟིན། དགུན་ཁ་རིང་ལ་གྲང་ངར་ཆེ་བས། དེ་གའི་མང་ཚོགས་རྣམས་དུས་ཡུན་རིང་པོར་ལྕི་བ་དང་འབུད་ཤིང་ལ་བརྟེན་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད་པར་བརྟེན་ཁང་པའི་ནང་བཙོག་ལ་བདེ་འཇགས་མེད་པའི་ཁར་དྲོད་ཀྱང་ཆེན་པོ་མེད།
ལྷོ་ཁ་གྲོང་ཁྱེར་གྱིས་ཨན་ཧུའེ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་གཞོགས་འདེགས་འོག་ཚན་རིག་དང་མཐུན་པའི་སྒོ་ནས་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱས་པས། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ས་བབ་མཐོ་སའི་ཞིང་འབྲོག་པའི་དུད་ཚང་3300ལྷག་ཙམ་ལ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཐུབ་པ་དང་ཁང་པའི་ནང་དྲོད་ཚད་16°Cཡན་ཟིན་པ་མ་ཟད་ད་དུང་དུ་བ་དང་ཐལ་རྡུལ་སོགས་སྦགས་བཙོག་ཀྱང་མེད་པ་རེད།
“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པར་ཐབས་ཤེས་མི་འདྲ་བ་རེ་ཡོད་མོད། འོན་ཀྱང་དམིགས་ཡུལ་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་པ་སྟེ་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད། མང་ཚོགས་ལ་འཕེལ་རྒྱས་ཁྲོད་ནས་གནས་བབ་རྙེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཁྲོད་ནས་ཕན་པ་ཐོབ་པ། མཐའ་སྲུང་མཐའ་བརྟན་ཁྲོད་ནས་རིན་ཐང་མངོན་འགྱུར་ཐུབ་པ། གཞི་རིམ་བཅོས་སྐྱོང་ཁྲོད་ནས་དྲང་གཞག་ཚོར་བ་བཅས་བྱུང་ཚེ། “དོན་ཆེན་བཞི”གཞི་ནས་དོན་འཁྱོལ་བྱུང་སྟེ་ཕན་འབྲས་ཐོན་པ་དང་ཡུན་རིང་བདེ་འཁོད་ཡོང་བར་གཞི་ནས་རྨང་གཞི་བརྟན་པོ་འདིང་ཐུབ།
“‘ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན’ཞེས་པའི་ནང་དོན་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ”ཞེས་ཡུལ་སྨད་ཀྱི་མཐའ་སྲུང་བ་མི་རབས་གསུམ་པ་པ་སངས་སྒྲོལ་དཀར་གྱིས་གསར་འགོད་པར་སྐད་ཆ་དྲིས་པ་དང་། ཁོང་གིས་དེ་ནི“‘ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་མཁན་རྒྱལ་ཁབ་ཡོད’ཅེས་པའི་དོན་ཡིན”ཞེས་བཤད། དེ་སྔ་མི་སྡེ་ཉུང་བའི་མཐའ་མཚམས་སུ་འཚོ་བའི་མི་རྣམས་ཀྱིས་ད་ཆ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་དད་སེམས་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གཏོད་བཞིན་ཡོད་ལ། རི་ཀླུང་མཛེས་སྡུག་ལྡན་ཞིང་རྒྱལ་དར་དམངས་བདེའི་དུས་རབས་ཀྱི་ལེའུ་ཞིག་ཀྱང་རྩོམ་བཞིན་ཡོད།
ལྷོ་ཁའི་ལག་ལེན་ལས་ང་ཚོར་གསར་གཏོད་རང་བཞིན་གྱི་བསམ་ཕྱོགས་དང་གསར་གཏོད་རང་བཞིན་གྱི་བྱ་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། “དོན་ཆེན་བཞིར”སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ཧུར་ཐག་འབད་ཐག་གིས་ཡུན་རིང་བདེ་འཁོད་ལ་གྲུབ་འབྲས་ཐོབ་པར་བྱེད་པ། ཡུལ་ཕྱོགས་གང་ས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འོད་མདངས་འཕྲོ་བ་བཅས་བྱས་ཚེ། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་ཐུབ་ངེས་ཡིན་པ་བསྟན་ཡོད།
འབྲེལ་ཡོད་གསར་འགྱུར།