《སྨན་བཅོས་དྲག་སྐྱེད་ནད་སྐྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་བའི་འདུ་འགོད་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་པ།
2030ལོར་སླེབས་སྐབས་མི་ཁྲི་རེར་དྲག་སྐྱེད་སྨན་བཅོས་པ་1.6ཟིན་པ་བྱ་རྒྱུ།
ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཀྲམ་པའི《སྨན་བཅོས་དྲག་སྐྱེད་ནད་སྐྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་བའི་འདུ་འགོད་ལག་བསྟར་ཇུས་གཞིའི》ནང་2030ལོར་སླེབས་སྐབས་མི་སྟོང་རེར་དྲག་སྐྱེད་ནད་སྐྱོང་གི་ནད་ཁྲི་0.48ཙམ་ཟིན་པ་བྱ་རྒྱུ་དང་། མི་འབོར་ཅུང་མང་བ་དང་། ན་རྒས་ཅན་དུ་འགྱུར་ཚད་ཤུགས་ཆེ་བ། དྲག་སྐྱེད་ནད་སྐྱོང་ཞབས་ཞུའི་དགོས་མཁོ་ཅུང་ཆེ་བ་བཅས་ཀྱི་ས་ཁུལ་དང་གྲོང་ཁྱེར་དུ་ཉུང་མཐར་ཡང་གཞུང་བཙུགས་དྲག་སྐྱེད་སྨན་ཁང་དང་ནད་སྐྱོང་ཁང་1འཛུགས་རྒྱུ། མི་ཁྲི་རེར་དྲག་སྐྱེད་སྨན་པ་དཀའ་བཅུ་པ་0.7ཟིན་པ་བྱ་རྒྱུ་དང་། དྲག་སྐྱེད་སྨན་བཅོས་པ་1.6ཟིན་པ་བྱ་རྒྱུ་བཅས་རེད།
ཇུས་གཞིའི་ནང་སྨན་བཅོས་དྲག་སྐྱེད་ནད་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་དྲག་སྐྱེད་ནད་སྐྱོང་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དྲག་སྐྱེད་ནད་སྐྱོང་ནུས་པ་ཆེ་རུ་གཏོང་བ། དྲག་སྐྱེད་ནད་སྐྱོང་ནུས་པ་དང་ཆ་རྐྱེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་བཏོན་ནས་རྒྱལ་ཁབ་ཀྱིས་གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི་100ཡན་གྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་སྔོན་ལ་དྲག་སྐྱེད་ནད་སྐྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ་དང་། 2030ལོར་སླེབས་སྐབས་སྨན་བཅོས་དྲག་སྐྱེད་ནད་སྐྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱས་ནས་ནུས་པ་ཆ་ཚང་བ་དང་། གོང་འོག་མཉམ་འགུལ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ། ལས་ཕྱོད་ཆེ་ལ་ཁྱབ་ནུས་ལྡན་པ་བཅས་ཀྱི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཏེ་མི་ཚོགས་ཡོངས་དང་། ཕྱོགས་ཡོངས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་བཅས་ཀྱི་བདེ་ཐང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་རྒྱུ་རེད།
ཇུས་གཞི་གཞིར་བཟུང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གཞི་རྩའི་ཆ་ནས་ཞིང་ཆེན་རེར་ཉུང་མཐར་ཡང་དྲག་སྐྱེད་དམ་ཡང་ན་ནད་སྐྱོང་གི་གཙོ་གནད་ཆེད་ཚན་གཅིག་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཞིང་ཆེན་རིམ་པ་དང་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་བསྐྲུན་རྒྱུ་དེ་དྲག་སྐྱེད་དང་ནད་སྐྱོང་གི་ཆེད་ལས་ལ་ཕྱོགས་རྒྱུ་རེད། གྲངས་རིག་གིས་མཐུན་རྐྱེན་སྦྱར་བའི་དྲག་སྐྱེད་ནད་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ས་ཁོངས་ཀྱི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དྲག་སྐྱེད་ནད་སྐྱོང་སོགས་ཀྱི་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། ནུས་པའི་དཔྱད་དཔོག་དང་། འཆར་གཞི་བཟོ་བ། དྲག་སྐྱེད་སྦྱོང་བརྡར་བཅས་ནས་ཕན་འབྲས་ཐོན་པའི་བར་གྱི་དྲག་སྐྱེད་ནད་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་གྲངས་རིག་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།