ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་ཚིགས་གསུམ་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་པ།
ཟླ་10ཚེས་9ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་པེ་ཅིང་དུ་2026ལོའི་དུས་ཚིགས་གསུམ་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། བདེན་པའི་རྒྱབ་ལངས་ཀྱི་དཔེ་མཚོན་བྱས་རྗེས་མངོན་གསལ་དོད་ཚད་དང་དྲ་རྒྱའི་ཐོག་དོ་ཁུར་བྱེད་ཚད། ས་གནས་ཁག་གི་ཁྲིམས་ལྟར་ངོས་འཛིན་དང་རེ་ཞུའི་བསམ་འཆར་བཅས་གཞིར་བཟུང་། ཕྱོགས་བསྡུས་དཔྱད་ཞིབ་དང་དཔྱད་མོལ་བྱས་ནས། ཁྱོན་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་79ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་དང་བྱ་དགའ་སྤྲད་དེ་འཚམས་འདྲི་བྱས་པའི་ནང་མི་13བདེན་པའི་རྒྱབ་ལངས་བྱས་ནས་སྟབས་མི་ལེགས་པར་རང་སྲོག་ཤོར་བ་རེད།
དུས་ཚིགས་འདིར་རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བ་འབྲུབ་དུས་ཡིན་པ་དང་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་དང་། དྲག་ཆར། གཙང་ཆུ་རྒྱས་པ། རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཡང་ཡང་ཐོན་ཡོད། མིང་བྱང་ནང་ཚུད་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་ཁྲོད་མི་30ལྷག་ཙམ་གྱིས་རང་འགུལ་ངང་འབྲུབ་དུས་ཀྱི་རང་བྱུང་གནོད་འཚེའི་ཉེན་སེལ་མི་སྐྱོབ་ནང་ཞུགས་པ་དེས་མིང་བྱང་ནང་ཚུད་པའི་མི་གྲངས་བསྡོམས་འབོར་གྱི་40%ཙམ་བཟུང་ཡོད། བོད་ལྗོངས་ནས་ཡིན་པའི་པད་མས་རང་འགུལ་ངང་ཆུ་རུད་ཀྱི་གནོད་འཚེས་འགག་པའི་ལམ་དུམ་དུ་བསྐྱོད་དེ་ས་བླུག་འཕྲུལ་འཁོར་བཏང་ནས་འགྲོ་ལམ་བཤོང་བར་གཞོལ་བས། ལམ་བར་དུ་བྲག་རྡོ་ལྷུངས་ནས་རང་སྲོག་ཤོར་བ་དང་། ཆིང་ཏའོ་ཡི་ཀྲའོ་ཞིན་ཅུན་དང་ཀྲའོ་ལུང་ལུང་ཕ་བུ་གཉིས་ཀྱིས་དུས་ཐུང་ཟླ་བ་གཅིག་ལྷག་ཙམ་ནང་རྦ་རླབས་ལང་ལོང་དུ་འཕྱུར་བའི་མཚོ་ནང་ནས་ཆུར་ལྷུང་བའི་མང་ཚོགས་3སྔ་རྗེས་སུ་བསྐྱབས་ཏེ་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་དང་ཟོལ་མེད་བབ་ཆགས་ཀྱི་དགེ་བའི་ལས་བསྒྲུབས་ནས་བདེན་པའི་རྒྱབ་ལངས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱས་པ་རེད། ཐོལ་བྱུང་གནོད་འཚེའི་ལས་འཛོལ་ཐོན་སྐབས་མི་དམངས་མང་ཚོགས་ཀྱིས་ལྟ་རེས་སྐྱོང་རེས་དང་བདེན་པའི་རྒྱབ་ལངས་བྱེད་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་མདུན་ཕྱོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཤིག་རེད།
མིང་བྱང་ནང་ཚུད་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོས་དཔའ་ངར་ཆེར་སྐྱེད་ཀྱིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་མཁན་དང་འཐབ་རྩོད་བྱས་པའི་བྱས་རྗེས་ལས“ཆེད་ལས་དང་མང་ཚོགས་ཟུང་འབྲེལ་དང་མང་ཚོགས་ལ་བརྟེན་པ”ཡི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྩ་དོན་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད། མང་ཚོགས་དཀྱུས་མ་དེ་བས་མང་བ་ཞིག་གིས་བློ་ཁོག་ཆེན་པོས་འཐབ་རྩོད་བྱས་ཏེ་གནོད་སྐྱོན་ཆེ་རུ་མི་འགྲོ་བ་དང་། ཁྲིམས་འགལ་ཉེས་གསོག་ལ་ཟིལ་གནོན་སྤྲད་ཡོད། ཧོ་པེ་སློབ་ཆེན་གྱི་སློབ་མ་ཀྲའོ་ཡུས་དང་ལིའུ་ཁྲང་གིས་མི་དམངས་ཉེན་རྟོག་པས་རྐུ་རྒྱག་གི་ཉེས་གསོག་དོགས་ཅན་འཛིན་བཟུང་བྱེད་པ་དངོས་སུ་མཐོང་རྗེས་རང་འགུལ་ངང་མི་དམངས་ཉེན་རྟོག་པར་ཉེས་ཅན་པ་བཟུང་རོགས་བྱས་པ་རེད། ཨན་ཧུའེ་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཧྥེ་ཧྥང་ཧྥང་གིས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་གློག་འཕྲིན་ཁ་བསླུས་ཚོགས་པ་བཟུང་རོགས་བྱས་ནས་གནོད་སྐྱོན་ཕོག་པའི་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་10ལྷག་ཙམ་མི་ཕོག་པ་བྱས་ཡོད། ཡུན་ནན་གྱི་སུན་དབྱི་ཁྲེན་དང་། ཧྥེང་ཧྲི་ཕེང་། ཡན་ཨེན། ཧོ་ལིན་ཧྥེང་བཅས་ཀྱིས་ཉེས་གསོག་དོགས་ཅན་གྱིས་གྲི་ཁྱེར་ནས་མི་གསོད་པ་མཐོང་སྐབས་རྐུབ་བཀྱག་ཁྱེར་ནས་འགོག་རྒོལ་བྱས་ཏེ་མི་དམངས་ཉེན་རྟོག་པར་ཉེས་གསོག་བཀག་འགོག་བྱེད་རོགས་བྱས་པ་རེད། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་མདུན་དུ་མི་དམངས་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་བདེན་པའི་རྒྱབ་ལངས་བྱས་པ་དེ་ནི་སྤྱི་ཚོགས་བཅོས་སྐྱོང་མཉམ་སྐྲུན་དང་། མཉམ་བཅོས། མཉམ་རོལ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།