ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གཏིང་ཤུགས་ཟམ་མི་ཆད་པར་མངོན་པ།
ལུའུ་སི་ལན·ཁེན་ཀྲ་ཡེ་ཧྥུའུ།
བདེ་འཇགས་བཅོས་སྐྱོང་ནས་མཉམ་སྦྲེལ་མཉམ་མཐུད་བར་དང་ལག་རྩལ་གསར་གཏོད་ནས་ལྗང་མདོག་ཕྱོགས་སྒྱུར་བར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་དེ་དངོས་སྒྲུབ་བྱ་སྤྱོད་ལ་རྒྱུན་མཐུད་སྒྱུར་བཞིན་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་25སོང་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱེད་པ་དེ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར་འཛམ་གླིང་གི་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་ཕྱིན་པ་དང་། ཡིད་ཆེས་ཆུང་དུ་ཕྱིན་པ། ཕྱོགས་མང་ལམ་སྲོལ་ལ་འགྲན་སློང་དྲག་པོ་འཕྲད་པ་བཅས་ཀྱི་རྒྱབ་ལྗོངས་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གཏིང་ཤུགས་དེ་བདེ་འཇགས་དང་། དཔལ་འབྱོར། ཚན་རྩལ། ཐོན་ཁུངས། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོར་ཁྱབ་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱི་ལེགས་ཆ་དེ་ཇི་ལྟར་བྱས་ནས་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་རྒྱུ་ནི་ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོར”འཕྲད་པའི་གྲོས་གཞི་གལ་ཆེན་ཞིག་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་པི་སི་ཁེག་དབུ་ཚོགས་འཚོག་ཉེར་ཡོད་པས། ཕྱོགས་ཁག་གིས་རྩ་འཛུགས་ཀྱི་འཁོར་སྐྱོད་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ཐབས་ཇུས་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། བདེ་འཇགས་དང་། དཔལ་འབྱོར། འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
བདེ་འཇགས་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གྲོས་རིམ་གལ་ཆེན་ཞིག་ཡིན་པས། ཁོངས་མིའི་རྒྱལ་ཁབ་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་དང་། ཐལ་སྐྱོད་རིང་ལུགས། དྲ་རྒྱའི་ཉེས་གསོག སྒྲིག་འཛུགས་ཡོད་པའི་ཉེས་གསོག་སོགས་ཀྱི་དངོས་ཡོད་འཇིགས་སྐུལ་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། དཔལ་འབྱོར་ཁྱབ་ཁོངས་སུ་ཚོང་དོན་གྱི་འགོག་རྐྱེན་མེད་པར་བཟོ་བ་དང་ཚད་གཞི་འབྲེལ་མཐུད་ལ་སྐུལ་མ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ནས། ཐོན་ལས་མཉམ་ལས་དང་མ་འཇོག་བྱེད་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། མཉམ་སྦྲེལ་མཉམ་མཐུད་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པས། རྒྱལ་སྤྱིའི་འགྲིམ་འགྲུལ་བར་ཁྱམས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཤར་ནུབ་དང་ལྷོ་བྱང་གི་སྐྱེལ་འདྲེན་བགྲོད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ། མཉམ་འདྲེན་གྱི་དྲ་རྒྱ་སྣ་ཚོགས་དང་། གྲངས་འཛིན་ཅན་གྱི་ལས་སྟེགས། ལྗང་མདོག་སྐྱེལ་འདྲེན་གྱི་བར་ཁྱམས་བཅས་དེ་བས་མང་བ་གཏོད་དགོས། ཕྱོགས་ཁག་གིས་ད་དུང་གསར་གཏོད་ལག་རྩལ་ལྟེ་གནས་འཛུགས་སྐྲུན་གང་མང་བྱས་ནས། ཚན་རྩལ་སྐྱེད་སྲིང་དང་ལག་རྩལ་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་ཀྱི་གསར་གཏོད་གཏིང་ཤུགས་འཕེལ་བར་བྱེད་དགོས། ཐུན་མོང་གི་ངོས་འཛིན་ཁག་ཞིབ་ཕྲའི་ལག་ལེན་གྱི་གྲུབ་འབྲས་སུ་བསྒྱུར་བ་དང་ཁོངས་མིའི་རྒྱལ་ཁབ་ཁག་ལ་ཕན་འབྲས་ཏན་ཏིག་ཐོབ་ཚེ། གཞི་ནས་ཕྱོགས་མང་མཉམ་ལས་ཀྱི་ཡིད་རྟོན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཐུབ།
འགྲིམ་འགྲུལ་མཉམ་ལས་ནི་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། སྐམ་སའི་དབུས་ཁུལ་རྒྱལ་ཁབ་ཉིས་བརྩེགས་ཡིན་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ངོས་ནས་བརྗོད་ན་དེ་བས་འགག་རྩ་ཞིག་རེད། ཀྲུང་ཁེར་ཨུ་གསུམ་དབར་གྱི་ལྕགས་ལམ་དང་ཨ་ཧྥུ་ཀ་ནི་སི་ཐན་སྒྲོལ་བའི་ལྕགས་ལམ་བསྐྲུན་རྗེས། ཨུ་ཟ་བྷེ་ཁི་སི་ཐན་དང་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ནས། ཨུ་ཟ་བྷེ་ཁི་སི་ཐན་འདི་ཉིད་ས་ཁོངས་འགྲིམ་འགྲུལ་གྱི་ལྟེ་བར་འགྱུར་བར་སྐུལ་འདེད་གཏོང་ཐུབ་རེ་ཡོད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་གཞན་དག་གི་ངོས་ནས་བརྗོད་ན། འགྲིམ་འགྲུལ་མཉམ་ལས་བྱེད་པ་དེས་འགྲིམ་འགྲུལ་དང་ཐོན་ལས་ཀྱི་སྦྲེལ་ཐག་གསར་པ་མགྱོགས་མྱུར་སྐྲུན་པ་མཚོན་པས། འཛམ་གླིང་གི་ཁྲོམ་རར་ཞུགས་པའི་བགྲོད་ལམ་རྒྱ་ཆེར་གཏོང་བ་དང་ཨེ་ཤེ་ཡ་དབུས་མའི་ཤར་ནུབ་འབྲེལ་མཐུད་དང་ལྷོ་བྱང་འབྲེལ་མཐུད་ཀྱི་འབྲེལ་ཐག་ནུས་པ་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད།
བདེ་འཇགས་བཅོས་སྐྱོང་ནས་མཉམ་སྦྲེལ་མཉམ་མཐུད་བར་དང་ལག་རྩལ་གསར་གཏོད་ནས་ལྗང་མདོག་ཕྱོགས་སྒྱུར་བར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་དེ་དངོས་སྒྲུབ་བྱ་སྤྱོད་ལ་རྒྱུན་མཐུད་སྒྱུར་བཞིན་ཡོད། དེ་ལྟ་བུའི་མཉམ་ལས་ཕན་ནུས་ནི་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།
(རྩོམ་པ་པོ་ཨུ་ཟ་བྷེ་ཁི་སི་ཐན་གྱི《མི་དམངས་གཏམ་བརྗོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡིན་པ)
འབྲེལ་ཡོད་གསར་འགྱུར།