དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཅིབ་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་འབྲེལ་བཅར་འདྲི་བྱས་པའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཁེ་རོར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-12

    འདི་ནི་མཉམ་སྤྱོད་ཚོགས་འདུ་མ་འཚོགས་གོང་ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་ཨེའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྣམ་གྲངས་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཉེ་བའི་ལོ་ཤས་རིང་མཉམ་འབྲེལ་བཅར་འདྲི་བྱས་པའི་འབྲེལ་ཡོད་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

    མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཨེ་ཅིབ་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་འབྲེལ་བཅར་འདྲི་བྱས་པའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཉེ་ཆར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་འཚོགས་པ་རེད།

    ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེའོ་ལི་ཆང་གིས་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཀྲུང་ཨེ་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་གོ་དང་ཨེ་ཅིབ་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་གསར་འགོད་པ་སྒྲིག་འཛུགས་བྱས་ཏེ་མཉམ་ལས་རྣམ་གྲངས་ལས་ཡུལ་དང་ས་ཡུལ་དངོས་སུ་འཚམས་འདྲི་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས། ཀྲུང་ཨེའི་མཉམ་ལས་ཀྱི་གྲུབ་འབྲས་ལ་ཤེས་རྟོགས་བྱས་པ་དེ་ནི་སྨྱན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། དམངས་ཚོགས་དང་ལྷག་པར་དུ་གཞོན་ནུའི་མི་རབས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ཤིག་ཀྱང་ཡིན་པས། ཀྲུང་ཨེས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་དགེ་མཚན་ལྡན་ལ་མཛའ་གཅུགས་ཟབ་པའི་དམངས་འདོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།

    ཨེ་ཅིབ་གསར་འགྱུར་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཟུར་པ་ཨའེ་ཧ་མའེ་ཏེ·ས་ལ་མུའུ་ཡིས། སྨྱན་སྦྱོར་ནི་རྒྱལ་ཁབ་ཀྱི་འཇམ་ཤུགས་གཏོད་པ་དང་འབྱུང་འགྱུར་འཛུགས་སྐྲུན་ནང་ཞུགས་པའི་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་། སྨྱན་སྦྱོར་གྱི་འགན་འཁྲི་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་ལྟ་བུར་འགྱུར་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དྲན་ཤེས་ཡིག་ཐོག་ཏུ་འབེབ་པ། སྤེལ་རེས་དང་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་གཏོད་པ་བཅས་བྱ་རྒྱུ་དེ་རེད། ད་ཐེངས་ཀྱི་ཚོགས་འདུ་དེ་ཨེ་ཀྲུང་སྨྱན་སྦྱོར་དབར་གྱི་དངོས་སྒྲུབ་བྱ་སྤྱོད་ཀྱི་འགོ་འཛུགས་སར་བྱས་ནས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཚོགས་འདུའི་ཐོག་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་མི་སྣ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས་སྨྱན་སྦྱོར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཨེས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་ཤོད་པའི་ཐད་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་ནི་ཀྲུང་ཨེའི་སྨྱན་སྦྱོར་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་ཕན་ཡོད་ཚོད་ལྟ་ཞིག་ཡིན་པས། ཕྱོགས་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་ལས་སྟེགས་ཆེན་པོ་ཞིག་བཏོད་ཡོད། སླད་ཕྱིན་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་མུ་མཐུད་གཏོང་བ་དང་སྤེལ་རེས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས། ཀྲུང་ཨེའི་དམངས་ཚོགས་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་རྒྱལ་ཁབ་གཉིས་པོའི་ཡུན་རིང་གི་མཛའ་གཅུགས་ཆེད་དུ་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།