ཀྲུང་གོས་སྐྲུན་རོགས་བྱས་པའི་ལོ་སིའི“ཐཱན་མེད་དཔེ་མཛོད་ཁང”ཐོག་མ་དེ་སྤྱོད་འགོ་ཚུགས་པ།
ལོ་སིའི་ལང་པོ་ལཱ་མངའ་སྡེ་ནས་གནས་ཚུལ་འབྱོར་བར། ཉེ་ཆར། ཀྲུང་གོས་སྐྲུན་རོགས་བྱས་པའི་ལོ་སིའི་འོད་ཤུགས་དང་། ནུས་གསོག གློག་གསོག་བཅས་གཞི་གཅིག་ཅན་གྱི“ཐཱན་མེད་དཔེ་མཛོད་ཁང”ཐོག་མ་དེ་ལང་པོ་ལཱ་མངའ་སྡེའི་ཞི་བདེ་སློབ་འབྲིང་དུ་དངོས་སུ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་རེད།
རྣམ་གྲངས་དེ་ནི་རྒྱལ་ཁབ་གློག་དྲ་ཀྲེ་ཅང་གློག་ཤུགས་ཚད་ཡོད་ཀུང་སིས་སྣེ་ཁྲིད་དེ་བསྐྲུན་པ་ཞིག་ཡིན་པ་དང་འོད་ཤུགས་དང་། ནུས་གསོག གློག་གསོག་བཅས་གཞི་གཅིག་ཅན་གྱི་གློག་དྲ་ཆུང་གྲས་ཀྱི་ལག་རྩལ་ཞིག་རེད། དཔེ་མཛོད་ཁང་གི་ཐོག་ཁར་འོད་ཤུགས་གློག་གཏོང་སྒྲིག་ཆས་བསྒར་ཡོད་པས། ཉིན་མོར་ཉི་ནུས་སྤྱད་དེ་གློག་གཏོང་ཆོག་པ་དང་གློག་ལྷག་མ་ནུས་གསོག་མ་ལག་ནང་གསོག་ཉར་བྱས་ཏེ། མཚན་མོར་དཔེ་མཛོད་ཁང་ལ་མུ་མཐུད་གློག་གཏོང་ཐུབ་ཀྱི་ཡོད། སྒྲིག་ཆས་དེ་སྔོན་བཟོས་གྲུ་ཚང་རྣམ་པ་སྤྱད་དེ་ཀྲེ་ཅང་དུ་བཟོས་རྗེས་ལོ་སིར་དབོར་ཡོད། དཔེ་མཛོད་ཁང་དུ་མཁའ་རླུང་སྙོམས་ཆས་དང་། གློག་ཀླད། བརྙན་འཕྲིན། ཀྲུང་ལོ་སྐད་གཉིས་ཀྱི་དཔེ་དེབ། གྲངས་འཛིན་དཔེ་མཛོད་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས། སློབ་མ་ཚོས་དཔེ་ཀློག་དང་། དཔྱད་གཞིའི་ཡིག་རིགས་འཚོལ་བཤེར། རང་བརྟེན་སློབ་སྦྱོང་བཅས་བྱེད་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།