དུས་ཆེན་གཉིས་རིང་མི་ཚོགས་ཆེ་བས་འཛད་སྤྱོད་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་པ།
ཟླ་10ཚེས་1ཉིན་ནས་ཚེས་6ཉིན་བར་ལྗོངས་ཡོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་ཚོང་དོན་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་3394.7ཟིན་པ།
ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རང་ལྗོངས་སུ་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ཉིན་ནས་ཚེས་6ཉིན་བར་ལྗོངས་ཡོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་ཚོང་དོན་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་3394.7ཟིན་པ་དེ་དུས་མཚུངས་ལས་1.84%འཕར་ཡོད། དེའི་ནང་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་243.87ཟིན་པ་དེ་དུས་མཚུངས་ལས་11.57%འཕར་ནས་འཕར་ཚད་འཛད་སྤྱོད་སྣ་ཚོགས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་ཆེན་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་ཁྲོམ་རའི་འཁོར་རྒྱུག་ལ་དམ་པོར་དམིགས་པས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་དང་། ཚོང་དོན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོད་ལ་བདེ་འཇགས་དང་འཆམ་མཐུན་ལྡན་པའི་དུས་ཆེན་རྣམ་པ་ཞིག་བཏོད་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་འཛད་སྤྱོད་ཀྱི་འཕེལ་ཕྱོགས་ལ་མུ་མཐུད་རྗེས་སྙེག་དང་། སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོའི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།