དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ལ་གྲུབ་འབྲས་གལ་ཆེན་ལྔ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-12

    ཚེས་10ཉིན་གྱི་དགོང་མོ་གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཉིང་ཁྲིར་འཚོགས་ནས་སྐབས་འདིའི་གླེང་སྟེགས་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་དང་གྲུབ་འབྲས་ཁག་ལྔ་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད།

    གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་དོན། སྐབས་འདིའི་གླེང་སྟེགས་ལ་ཞུགས་མཁན་ཕྱོགས་ཁག་གིས་བློ་གྲོས་གཅིག་ཏུ་བསྒྲིལ་ཏེ་ལྟེ་བའི་གླེང་སྟེགས་གཙོ་བོ་དང་བརྗོད་དོན་གཙོ་བོའི་ཡན་ལག་གླེང་སྟེགས་གཉིས་ལ་བརྟེན་ནས་གྲུབ་འབྲས་རབ་དང་རིམ་པ་བཏོད་ཡོད་དེ།

    གཅིག་ནི་ཚོགས་ཞུགས་ཚོགས་པའི་རིགས་གཅིག་མཁས་ཅན(སྙན་ཞུ་འབུལ་མཁན་རིགས་གཅིག་མཁས་ཅན)གྱིས་མཚོ་བོད་ས་མཐོའི་ཁོར་ཡུག་ཕྱོགས་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོང་ལ་འཚམ་པར་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལས་ཐོན་པའི་གནོད་འཚེའི་ཉེན་ཁ་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས། གནམ་གཤིས་འགྱུར་ལྡོག་གིས་འཁྱགས་འགྲམ་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཐེབས་པའི་ཤུགས་རྐྱེན། རང་རྟེན་གྱི་ཁོར་ཡུག་སྲུང་སྐར་གྱི་སྐྱེ་ཁམས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་གྲོས་དོན་ལ་དམིགས་ནས། རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། ཕྱོགས་བསྡུས་རང་བཞིན། གསར་གཏོད་རང་བཞིན་བཅས་ལྡན་པའི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་རབ་དང་རིམ་པ་བཏོན་པས། དགེ་མཚན་ལྡན་པའི་ལས་ཀའི་གྲོས་འགོ་ཁག་གཅིག་གྲུབ་སྟེ་དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕུལ་བྱུང་གི་བློ་གྲོས་གཅིག་སྡུད་དང་འདེགས་སྐྱོར་ནུས་ལྡན་བྱས་ཡོད། གཉིས་ནི་གླེང་སྟེགས་གཉེར་ཡུལ་ནས་ཁྱབ་བསྒྲགས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ཕན་འབྲས་ཀྱི་ཚོད་སྐོར་སྙན་ཞུ》ཡི་ནང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་འགོད་ཡུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱ་ཡུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟ་བྱ་ཡུལ། རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ཁག་6ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད་པ་དང་། རིགས་ཆེན་པོ་6གི་དམིགས་ཚད་མ་ལག་གི་རྣམ་གྲངས་38ལ་གཞིགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚོད་སྐོར་བྱས་ཤིང་། འབྲས་བུ་ལས་དམིགས་ཚད་རྣམ་གྲངས་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའམ་ཡང་ན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་ལས་རྣམ་གྲངས་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི“བྱ་སྤྱོད་ཆེན་པོ་བཅུ”ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་འབྲེལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མངོན་ཡོད། གསུམ་ནི་གླེང་སྟེགས་སུ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཐོབ་པའི་གྲུབ་འབྲས་ལ་བརྟེན་ནས“སྐྱེ་ཁམས་ཀྱི་རང་བྱུང་ལྟ་བ་གསར་པ་དང་། ཁོར་ཡུག་གི་བདེ་འཇགས་ལྟ་བ་གསར་པ། གནས་འཕྲོད་ཀྱི་འཕེལ་རྒྱས་ལྟ་བ་གསར་པ”བཅས་ཀྱིས་སྣེ་ཁྲིད་བྱེད་པའི་ཚན་རིག་དང་མཐུན་པའི་བྱ་སྤྱོད་བཏོན་ནས། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་ལྗང་མདོག་གནས་འཕྲོད་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད། བཞི་ནི་གནམ་ལྕགས་འབར་བའི་ཚན་རྩལ་ཆེད་དོན་གྱི་འཕྲལ་འདོན་གྲོས་གཞི་བཏོན་ཞིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་། ཀྲུང་གོ་ཚན་རིག་ཁང་། ཆུ་བེད་པུའུ་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སུའོ། ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ་ནན་ཅིང་ཁོར་ཡུག་ཚན་རིག་ཞིབ་འཇུག་སུའོ་སོགས་སྒྲུབ་འགན་འཁུར་མཁན་ཚན་པས་ཚན་རྩལ་རིག་མཛོད་ཀྱི་ནུས་པ་བཏོན་ནས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། སྐྱེ་ཁམས་བདེ་འཇགས་སོགས་ཀྱི་དགོས་མཁོར་དམིགས་ཏེ་ཚན་རྩལ་འགག་སྒྲོལ་ལས་འགན་གྱི་འཕྲལ་འདོན་གྲོས་གཞི་ཚན་རིག་དང་མཐུན་པའི་ངང་བཏོན་ནས། གསར་གཏོད་ཀྱི་ཐོན་ཁུངས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་ཕྱོགས་སུ་གཅིག་སྡུད་བྱེད་པར་སྣེ་ཁྲིད་བྱས་ཡོད། ལྔ་ནས་གླེང་སྟེགས་སུ་རང་ལྗོངས་དང་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དབར་ས་མཐོའི་མཐུན་སྦྱོར་སྲུང་སྐྱོང་ལ་དམིགས་ནས་ཐུན་མོང་གི་ངོས་འཛིན་གྲུབ་པ་དང་། ཕྱོགས་མང་མཉམ་འགུལ་གྱི་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ས་ཁོངས་ལས་བརྒལ་བའི་ཁྲིམས་སྒྱུར་ལྟ་སྐུལ་དོ་དམ་དང་ཁྱབ་ཁོངས་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་དང་། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སྤེལ་རེས་དང་ཚན་ཞིབ་གྲུབ་འབྲས་མཉམ་སྤྱོད་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གི་མཉམ་ཤུགས་ཟམ་མི་ཆད་པར་གཅིག་སྒྲིལ་གྱིས་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་འགོག་སེལ་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།