“མཐའ་ཡས་ཀྱི་འཇིག་རྟེན་ཁམས་སུ་འཚོལ་ཞིབ་བྱས་ཏེ་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་སྐྲུན་དགོས”
“མཐའ་ཡས་ཀྱི་འཇིག་རྟེན་ཁམས་སུ་འཚོལ་ཞིབ་བྱས་ཏེ་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་ང་ཚོས་དོན་གཉེར་ལྷོད་མེད་བྱེད་པའི་མཁའ་སྐྱོད་ཀྱི་ཕུགས་འདུན་རེད”ཅེས་2024ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་དཔྱད་ལས་གཞིའི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟར་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་སྐབས་ནན་བཤད་གནང་བ་རེད།
མཁའ་སྐྱོད་ཀྱི་ཕུགས་འདུན་ལས་ཀྲུང་གོའི་ཕུགས་འདུན་མངོན།
དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་ཆེད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ནས་རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་ལ་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་ཁྲིད་སྟོན་གནང་ཡོད།
མི་རིགས་བསྐྱར་དར་ལ་ཐུགས་རྩེ་གཅིག་ལ་གཞོལ་བ་དང“མཁའ་སྐྱོད་ཀྱི་ཕུགས་འདུན་ནི་རྒྱལ་ཁབ་སྟོབས་ཆེན་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད”
2016ལོའི་ཟླ་4པར། “ཀྲུང་གོའི་མཁའ་སྐྱོད་ཉིན་མོ”ཐོག་མ་དེ་འཆར་ཉེར་ཡོད་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས“ཀྲུང་གོའི་མཁའ་སྐྱོད་ཉིན་མོ”གཏན་འཁེལ་བྱེད་དོན་དོན་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྙིང་སྟོབས་རྒྱུན་འཛིན་བྱས་ནས་དམངས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་ཚན་རིག་གོང་དུ་བཀུར་བ་དང་། ལྐོག་གྱུར་འཚོལ་ཞིབ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
1956ལོའི་ཟླ་10ཚེས་8ཉིན། པེ་ཅིང་ནུབ་འདབས་སུ་རྒྱལ་སྲུང་པུའུ་ཡི་ཞིབ་འཇུག་ཁང་ལྔ་པ་བཙུགས་ཤིང་། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་དུས་དེ་ནས་འགོ་བརྩམས།
ལོ་70ཡི་རིང་ངལ་བ་ཁྱད་དུ་བསད་དེ་གཅིག་རྒྱུན་གཅིག་འཛིན་བྱས་ཤིང་། “རང་རྒྱལ་གྱི་མཁའ་སྐྱོད་པ་མི་རབས་ནས་མི་རབས་བར་གྱིས་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱས་ཏེ་མཁའ་སྐྱོད་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེར་འགྲོ་བའི་བར་དང‘ཕུགས་འདུན་གྱི་འཆར་འགོད་འདིང་བ’ནས‘འབད་འཐབ་ངང་ཕུགས་འདུན་མངོན་འགྱུར་བྱེད་པའི’བར་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་དང་། སྤུས་ཚད་མཐོ་བ། མཆོང་སྐྱོད་ལྟ་བུ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱས་ཏེ་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཐད་གོམ་པ་བརྟན་པོ་སྤོས་ཡོད”
“ཀྲུའུ་རུང་རྟགས་ཅན”གྱི་སྐར་མ་མིག་དམར་ཞིབ་དཔྱད་དང་། “ཤིས་ཧོ་རྟགས་ཅན”གྱི་ཉིན་བརྟག མཁའ་འདྲི་ཨང་གཉིས་པའི“སྐར་སྙེག་རྟགས་ཅན”བཅས་དང་། ཀྲུང་གོའི་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ། བྱང་སྐར་སྤུན་བདུན་ཕྱོགས་སྟོན་གྱིས་གོ་ལ་ཧྲིལ་པོར་གནད་སྨིན་ཞབས་འདེགས་ཞུ་བ་སོགས་ནས་ད་ལོ་ད་དུང་རང་རྒྱལ་དུ་སྔ་རྗེས་སུ་མེ་ཤུགས་འཕུར་མདའ་སྐམ་ས་དང་མཚོ་ཐོག་ནས་ཚུར་བསྡུ་གཉིས་ཀ་ལེགས་གྲུབ་བྱུང་སྟེ་ཀྲུང་གོའི་མཁའ་སྐྱོད་ཀྱིས་སླར་ཡང་ལོ་རྒྱུས་ཟིན་ཐོ་བཏོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་ཡོངས་སུ་ཕུགས་འདུན་དོན་གཉེར་དང་། འཚོལ་ཞིབ་བྱེད་ཕོད་པ། མཐུན་སྦྱོར་འགག་སྒྲོལ། མཉམ་ལས་གཉིས་ཕན་བཅས་ཀྱི་ཟླ་དཔྱད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་གདེང་ཚོད་དང་སྤོབས་པ་སྔར་བས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས་པའི”ནན་བཤད་གནང་ཡོད།
ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ“ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱེད་དགོས”
“བྱ་གཞག་རླབས་པོ་ཆེ་ཚང་མ་གསར་གཏོད་ལ་བརྟེན་ནས་བྱུང་བ་ཞིག་རེད” རང་བརྟེན་གསར་གཏོད་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མཁའ་སྐྱོད་ཀྱི་བསམ་པའི་རྨང་གཞི་མངོན་གསལ་དོད་ཤོས་དེ་རེད།
2013ལོའི་ཟླ་12ཚེས་15ཉིན་གྱི་མཚན་གུང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ཤིང་། སྤྱི་ལེ་ཁྲི་38ཀྱིས་ཆོད་པའི་སར་ཟླ་བའི་ལྷ་མོ་ཨང་གསུམ་པའི་ས་འབབ་འཕྲུལ་ཆས་དང“རི་བོང་རྟགས་ཅན”གྱི་སྐོར་ཞིབ་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་ངོས་ཕན་ཚུན་པར་བརྒྱབ་པ་རེད།
“གྲུབ་འབྲས་འདི་ལྟ་བུ་ཐོབ་པའི་ཆེས་རྩ་བ་ནི་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གིས་ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱས་པར་ཐུག་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་འགག་རྩ་གསལ་སྟོན་གཏིང་ཟབ་གནང་བ་རེད།
དེ་རྗེས་ཟླ་བའི་ལྷ་མོ་ཨང་བཞི་པ་དང་། ཟླ་བའི་ལྷ་མོ་ཨང་ལྔ་པ། ཟླ་བའི་ལྷ་མོ་ཨང་དྲུག་པ་བཅས་ཀྱི་ལས་འགན་སྔ་རྗེས་སུ་ལེགས་གྲུབ་ཟིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་མ་ཟད། རང་བརྟེན་གསར་གཏོད་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་ཡང་གནང་ཡོད།
“འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་ཀྱི་རྒྱུན་མཐུད་འགག་སྒྲོལ་ལ་དམིགས་པ”དང་། ཟླ་བའི་གོ་ལར་ལྷིང་བབས་བྱེད་པ་ནས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་མ་དཔེ་བླངས་ནས་ཕྱིར་ལོག་པའི་བར། ཟླ་དཔྱད་ལས་གཞིར་རྒྱུན་མཐུད་ཚད་བརྒལ་བྱུང་བ་བཅས་ནི་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་རང་བརྟེན་འགག་སྒྲོལ་བྱེད་པའི་སྡུག་རུས་དང་སྙིང་རུས་ལས་བྱུང་ཡོད།
ཟླ་དཔྱད་ལས་གཞིའི་ཟླ་བའི་ལྷ་མོ་ཨང་ལྔ་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་ལས་གཞིའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་རང་བརྟེན་གསར་གཏོད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས“དེ་ཐོག་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་ཆེན་སྒྲུབ་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་གང་ལེགས་མངོན་ཡོད”ཅེས་གསུངས་པ་རེད།
འགག་སྒྲོལ་དཀའ་སེལ་གྱི་བློ་སྟོབས་ཡོད་ལ་བློ་གྲོས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱེད་པའི་མཉམ་ཤུགས་ཀྱང་ཡོད་པས། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་འདི་ཉིད་གསར་གཏོད་ལ་བརྟེན་ནས་ཚད་བརྒལ་གཅིག་རྗེས་གཉིས་མཐུད་བྱུང་ཡོད།
སྙིང་སྟོབས་རྒྱུན་འཛིན་བྱས་ཏེ“འབད་འབུངས་མདུན་སྐྱོད་དང་རྒྱུན་མཐུད་འབད་འཐབ་བྱེད་རིང་ཕུགས་འདུན་འགྲུབ་པར་བྱེད་དགོས”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་མཁའ་སྐྱོད་གཞོན་ནུ་ཚོར་མངགས་བཅོལ་ཟབ་མོ་གནང་ནས“མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་འཐབ་བྱེད་དགོས”ཞེས་བསྟན་གནང་ཡོད།
2020ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཤར་ཕྱོགས་དམར་པོ་ཨང་དང་པོའི”ལས་འགན་ནང་ཞུགས་མཁན་ཚན་རིག་མཁས་ཅན་རྒན་གྲས་ལ་འཕྲིན་ལན་སྤྲིངས་ནས་ཧྲའན་པེའི་ལེང་ཅ་ཧོ་རུ་སྲུང་སྐར་འཕེན་གཏོང་ལམ་ལྷོངས་བྱུང་བའི་སྐོར་ཐོས་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་ཕྱིར་དྲན་གནང་ཞིང་། ཁོང་གིས“མཁའ་སྐྱོད་པ་རྒན་རབས་ཀྱི་མཛད་རྗེས་དག་ཀྲུང་གོ་གསར་པའི་ལོ་རྒྱུས་དེབ་ཐེར་ཐོག་མི་ནུབ་པར་འཁོད་ཡོད”ཅེས་ནན་བཤད་གནང་བ་དང་། “དུས་རབས་གསར་པའི་མཁའ་སྐྱོད་ལས་དོན་པ་ཚོས་མཁའ་སྐྱོད་པ་རྒན་རབས་རྣམས་མིག་དཔེར་བྱས་ཏེ‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཉེན་ཁ་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་མཁའ་སྐྱོད་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་བྱེད་དགོས”ཞེས་སྐུལ་ལྕག་གནང་ཡོད།
2022ལོའི་ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་སྐྲུན་མཁན་གཞོན་ནུ་ཚོགས་པར་འཕྲིན་ལན་སྤྲིངས་ཏེ། རྒྱ་ཆེའི་མཁའ་སྐྱོད་གཞོན་ནུ་ཚོས“གསར་གཏོད་དང་ཚད་བརྒལ་བྱེད་ཕོད་པར་བྱས་ཏེ་མཁའ་སྐྱོད་ཀྱི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུར་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་དགོས་པའི”ཐུགས་རེ་གནང་བ་རེད།
ཚན་རིག་མཁས་ཅན་རྒན་གྲས་ནས་གཞོན་ནུ་རྐང་འཛིན་པའི་བར། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། མི་བཞུགས་སྐར་སྐྱོད་ཀྱི་སྙིང་སྟོབས། ཟླ་དཔྱད་ཀྱི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་བཅས་མི་རབས་ནས་མི་རབས་ཀྱིས་བརྟན་སྲུང་དང་འབད་འཐབ་ཁྲོད་རྒྱུན་འཛིན་བྱས་ནས་ལྐོག་གྱུར་གྱི་འཇིག་རྟེན་ཁམས་འཚོལ་ཞིབ་བྱེད་པའི་རྫོགས་མེད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཡོད།
མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་པ་གཞན་ཞིག་ནི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་ལྷག་བསམ་ཟོལ་མེད་དེ་རེད།
2020ལོའི་ཟླ་7ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ད་ཆ་བྱང་སྐར་སྤུན་བདུན་མ་ལག་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོགས་གང་ས་དང་མཉམ་འདྲེས་གཏིང་ཟབ་ཐུབ་ནས་མཁའ་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་རེ་རེ་དག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་ཕན་འདོགས་པའི་ཕན་འབྲས་དངོས་ལ་འགྱུར་བཞིན་ཡོད།
ལོ་70ནི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ལ་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན། མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་གོམ་པ་རེར་རྐང་རྗེས་རེ་དང་རྒྱུག་མཐུད་དབྱུག་པ་རེ་རེ་རྩིས་སུ་བླངས་ཚེ། མཁའ་དབྱིངས་གོང་མ་རུ་ཕུགས་འདུན་དོན་གཉེར་བྱེད་པའི་རྒྱང་ལམ་གསར་པར་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་ལ་འོད་སྟོང་འཕྲོ་བའི་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།