ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གསར་གཏོད་གཙོ་ཁྲིད་དང་། སྒྱུར་བཅོས་གཙོར་བཟུང་། ཡུལ་བབ་དང་བསྟུན་པ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱེད་པ། ལག་རྩལ་མཐོ་བ་དང་། ནུས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་མཐའ་འཁྱོངས་བྱེད་པ། སྲིད་གཞུང་དང་ཁྲོམ་ར་དང་། སྤུས་རྣམ་དང་ལས་རྣམ། སྒྱུར་བཅོས་དང་འཕེལ་རྒྱས། རང་བརྟེན་དང་སྒོ་དབྱེ་བཅས་ཀྱི་འབྲེལ་བ་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་བྱེད་ཚད་ཆེ་རུ་ཤུགས་ཆེན་གཏོང་རྒྱུ་ལྟེ་བའི་མཚོན་རྟགས་སུ་བྱས་ཏེ། ལག་རྩལ་གསར་བརྗེས་རང་བཞིན་གྱི་སྒོ་ནས་ཚད་བརྒལ་དང་། ཐོན་སྐྱེད་གཙོ་རྒྱུ་གསར་གཏོད་རང་བཞིན་གྱི་སྒོ་ནས་བཀོད་སྒྲིག ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བ། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་བཅས་སྡེབ་སྒྲིག་ལེགས་སྒྱུར་དང་གསར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་། ཐོན་ལས་གསར་གཏོད། འཕེལ་རྒྱས་གཏོང་སྟངས་གསར་གཏོད། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། ཤེས་ལྡན་པའི་ལས་ཀའི་ལམ་སྲོལ་གསར་གཏོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་དང་འཚམ་ཤོས་ཀྱི་ཐོན་སྐྱེད་འབྲེལ་བ་གང་མགྱོགས་ཆགས་པར་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཕན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དེ་བས་ལེགས་པ་བྱེད་དགོས་ལུགས་བཏོན་ཡོད།
《བསམ་འཆར》ནང་། ཕྱོགས་ལྔའི་ཐད་ཀྱི་གསར་གཏོད་ལ་དམིགས་ནས་གཙོ་གནད་བྱེད་ཐབས་ཁག་19བཏོན་པ་སྟེ། གཅིག་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་གང་མགྱོགས་ཡོང་བར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་མཐོ་རུ་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་སུ་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་སྔོན་དཔག་བཀོད་སྒྲིག་བྱེད་པ། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། “མི་ཐབས་རིག་ནུས+”ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས་པ། གསུམ་ནི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཇུས་བྱ་ཐབས་ལེགས་སུ་བཏང་ནས་ནུས་རྒྱུ་གསར་བརྗེས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། བཞི་ནི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་དམིགས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་རའི་ལྟ་འདོམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་གསར་གཏོད་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་སྔོན་ཐོན་ཐོན་སྐྱེད་ཀྱི་གཙོ་རྒྱུ་བཀོད་སྒྲིག་བྱེད་དགོས་པ། ལྔ་ནི་ཤེས་ལྡན་པའི་ལས་ཀའི་ལམ་སྲོལ་གསར་གཏོད་གཏིང་ཟབ་བྱེད་དགོས་ཤིང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་མཁོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་ཤེས་ལྡན་པ་བཀོལ་སྤྱོད་དང་སྐོར་སྐྱོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད།
《བསམ་འཆར》ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟར་གྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། རིགས་དབྱེའི་མཛུབ་ཁྲིད་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་ལེགས་སུ་གཏོང་དགོས། སྔོན་འཛུགས་རྗེས་གཏོར་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས་པ་ལས་དངོས་བྲལ་བཏགས་འགྱུར་དང་། ཆེ་རྔམ་ཚང་གཉེར། ལྦུ་སོབ་ཅན་དུ་འགྱུར་བ་བཅས་བྱེད་མི་རུང་བ་དང་། ཐོན་ལས་ཁོག་སྟོང་ངམ་ཡང་ན་ཐོན་ལས་ཀྱི་རིམ་པ་ཆད་པའི་སྣང་ཚུལ་ཐོན་མི་རུང་བ། རྨོངས་ཚོད་ཀྱིས་གསར་པ་དོན་གཉེར་དང་གཡས་ཟིན་གཡོན་ཤོར་བྱེད་མི་རུང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཁ་གཡར་ནས་སྒྲིག་འགལ་ངང་སྲིད་ཇུས་གང་བྱུང་དུ་སྤྱོད་རྒྱུ་གཏན་འགོག་བྱེད་པ། འུར་ཐེངས་གཅིག་ལ་སྒྲུབ་པར་བྱེད་པ་དང་རྨོངས་ཚོད་ངང་མ་འཇོག་བྱེད་པ་སོགས་ལས་གྱོང་གུན་ཚབས་ཆེན་བཟོ་བར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་དང་སྡེ་ཚན་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།