ཐོག་མའི་བསམ་འདུན་དོན་གཉེར་བྱས། དངོས་སྒྲུབ་དར་རྒྱས་ཡོང་བར་འབད།
ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
ད་ལོའི་ཟླ་5ཚེས་9ཉིན་བར། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་བྱེད་པའི་བརྗེ་རེས་ཀྱི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཞིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པས་འབོད་སྐུལ་དང་ལེན་ཧུར་ཐག་གིས་གཞི་རིམ་དུ་གཞི་ཚུགས་པ་དང་འགན་འཁྲི་ལག་ལེན་བསྟར་ནས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་དང་སྡེ་ཁུལ་ཁག་ཏུ་བསྐྱོད་དེ་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་། འཕེལ་རྒྱས་ལས་འགན་གལ་ཆེན་དུ་བརྩི་བ། དམངས་འཚོ་རྩ་བར་འཛིན་པ། བརྟན་ལྷིང་རྨང་གཞིར་བྱེད་པ་བཅས་བྱས་ནས། གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་ལྔར”དམ་པོར་དམིགས་པ་དང་། གང་སར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དངོས་སྒྲུབ་ལ་བརྟེན་ནས་དཀའ་གནད་ཐག་གཅོད། ལྷད་མེད་བརྩེ་སེམས་ལ་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེའུ་ཧུར་ཐག་བརྩམས་ཡོད།
ཁག་བཅུ་བཞི་པའི་གྲོང་སྡོད་ལས་དོན་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་འཇོན་ཐང་ཅན་འདེམས་པ་དང་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་སྡོད་རོགས་སྐྱོར་སྟོབས་ཤུགས་ཧྲ་ཏག་ཏག་ཡོང་བའི་འགན་ལེན་ཤུགས་ཆེན་བྱས་ཤིང་། ལྷ་ས་གྲོང་ཨུད་རྩ་འཛུགས་པུས“ཡག་ཁྲོད་ལེགས་འདེམས་དང་ལེགས་ཁྲོད་ཧྲག་འདེམས”ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་བསམ་ཕྱོགས་ལྡན་པ་དང་། ཉམས་མྱོང་ཡོད་པ། ངར་ཤུགས་ལྡན་པ་བཅས་ཀྱི་རྫོང་རིམ་པའི་གཞོན་སྐྱེས་འགོ་ཁྲིད་ལས་བྱེད་པ་16གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་དང་རུ་སྣེ་ཁྲིད་མཁན་གཞོན་པའི་འགན་འཁུར་དུ་བཅུག་པ་དང་། རྫོང་རིམ་པ་ཡན་གྱི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་ནས་ལས་བྱེད་པ་316བདམས་ཏེ་ཧྲུའུ་ཅི་ཨང་དང་པོའི་འགན་ཁུར་དུ་བཅུག་པ་དང་ཆབས་ཅིག གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ཚན་པའི་འགན་ནུས་ལ་གཞི་ཚུགས་ཏེ་གྲོང་ཚོའི(སྡེ་ཁུལ)དགོས་མཁོ་ནན་ཏན་ངང་གསེད་བཀྲོལ་དང་། གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ཚན་པ་31གི་ལས་བྱེད་པ་ས་བབ་མཐོ་བ་དང་། ཆ་རྐྱེན་ཞན་པ། ཡུལ་གཞན་དུ་གནས་སྤོས། གཙོ་གནད་རོགས་སྐྱོར་གྲོང་ཚོ(སྡེ་ཁུལ)བཅས་སུ་བཏང་བས། གྲོང་ཁྱེར་རིམ་པའི་བཅའ་སྡོད་ས་ཚིགས་118བར་མང་དུ་ཕྱིན་ཡོད།
རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བཞག་ནས་གཟའ་འཁོར་རེའི་སློབ་སྦྱོང་ལམ་ལུགས་དོན་འཁྱོལ་ནན་པོ་དང་། གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ལས་སྒོའི་ཤེས་བྱ་ཐེངས་500ལྷག་ཙམ་གཅིག་སྡུད་ཐོག་སློབ་སྦྱོང་། སྤེལ་རེས་དང་བགྲོ་གླེང་ཐེངས་400ལྷག་ཙམ་བཅས་བྱས་ཡོད། “བོད་ཀྱི་ལོ་ཙཱའི”APPསོགས་གྲངས་འཛིན་སྨྱན་སྦྱོར་གང་ལེགས་སྤྱད་དེ་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་ནུས་ཆེ་རུ་གཏོང་རོགས་བྱས་པས། གྲོང་ཚོའི་ལས་བྱེད་པ་492ཀྱིས་སྤྱི་སྤྱོད་སྐད་ཡིག་གི་རིམ་ལྡན་ལག་ཁྱེར་བདེ་བླག་ངང་ལེན་ཐུབ་ཡོད། ལས་དོན་རུ་ཁག་གིས་དམངས་འཚོའི་འདུ་འགོད་ལ་དམིགས་ནས། གྲོང་ཚོའི(སྡེ་ཁུལ)སྔར་ཡོད་ཀྱི་ཁྲུས་ཁང་དང་། ཚོང་ཁང་། གྲོང་ཚོ་རིམ་པའི་བེད་མེད་སྡོད་ཁང་སོགས་ཐོན་ཁུངས་རྨང་གཞིར་བྱས་ཏེ། རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར། མངགས་གཏོང་ཚན་པའི་རོགས་སྐྱོར་མ་དངུལ། རྫོང་དང་ཤང་གི་ནོར་སྲིད་རོགས་སྐྱོར་མ་དངུལ་སོགས་སྒོར་ཁྲི་1330ལྷག་ཙམ་བསྡུ་སྒྲིལ་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་ཡོངས་སུ་གྲོང་ཚོ་རིམ་པའི་ཁྲུས་ཁང་192དང་ཐབ་ཚང་233སྒྱུར་བཀོད་རིམ་སྤོར་ལེགས་སྒྲུབ་བྱས་པས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁ་ལག་ཟ་ས་དང་གཟུགས་པོ་འཁྲུད་སའི་དགོས་མཁོ་ནུས་ལྡན་བསྐངས་ཡོད།
གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐད། ལྷ་ས་གྲོང་ཨུད་རྩ་འཛུགས་པུས“ཧྲུའུ་ཅི་ཨང་དང་པོས་སྤུས་ལེགས་དངོས་ཟོག་འཁྱེར་ཡོང་བའི”ཁྱད་ལྡན་ཞིང་ཟོག་འགྲེམས་ཚོང་བྱེད་སྒོ་ཐོག་མར་ཇུས་འགོད་དང་སྒྲིག་འཛུགས་བྱས་པས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་23ལྷག་ཙམ་བྱུང་ཡོད། རྫོང་དང་ཆུས་ཁག་གི་གྲོང་སྡོད་གཞུང་ལས་ཁང་གིས“རྐྱང་རྒྱུག་རྐྱང་འཐབ”ཀྱི་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས། རྫོང་དང་ཆུས་ཚན་པར་བྱས་ཏེ་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་སྤྱི་འདོམས་བེད་སྤྱོད་ཀྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“སྨྱན་སྦྱོར་གསར་པ་དང་གྲོང་གསེབ་དར་རྒྱས་ཟུང་དུ་འབྲེལ་བའི”ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “ཧྲུའུ་ཅི་ཨང་དང་པོས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”བརྙན་ཐུང་དུས་ཐེངས་27གསར་གཏོད་པར་ལེན་བྱས་པར་ལྟ་མཁན་ཐེངས་ཁྲི་130ལྷག་ཙམ་ཟིན་པ་དང་། ཁྱད་ལྡན་ཞིང་ཟོག་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་བཏང་ནས“ཧྲུའུ་ཅི་བརྙན་ལམ་ཐོག་ཐོན་པ་དང་། གྲོང་གསེབ་ལས་བཀྲག་མདངས་འཚེར་བ། མང་ཚོགས་ལ་འབབ་འཕར་བཏོད་པ”བཅས་བྱུང་ཡོད། 2025ལོའི་ལོ་མཇུག་བར། ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ(སྡེ་ཁུལ)154ཡི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་100ཡན་ཟིན་ཡོད།
ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པས་དད་སེམས་བརྟན་པོ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། ཕན་འབྲས་བཟང་པོ་བཅས་ལ་བརྟེན་ནས་གྲོང་སྡོད་ཀྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པར། གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་རྒྱ་ཁྱབ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།