དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བརྟན་ལྷིང་དང་མཉམ་ལས་ལ་བརྟེན་ནས་ཨ་ཀྲུང་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུའུ་ལ་པུ·ཀུའུ་ཕུ་ཐ།   |     སྤེལ་དུས།  2026-10-10

    ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་གནང་བ་དེས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་མ་ཟད། ཕྱོགས་གཉིས་པོའི་མཉམ་ལས་ལ་སྤྱིའི་སྒྲོམ་གཞི་བསྐྲུན་ཡོད། རྒྱལ་ཁབ་གཉིས་པོས་གོ་སྐབས་འདི་དང་བསྟུན་ནས་རིམ་པ་མི་འདྲ་བའི་དབར་འབྲེལ་གཏུག་དང་འགྲོ་འོང་སྲ་བརྟན་དུ་དང་གཏིང་ཟབ་ཏུ་བཏང་ནས། ཨ་ཀྲུང་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདིའི་ཁ་ཕྱོགས་བརྟན་པོ་ཡོད་པ་རྒྱུན་འཁྱོངས་བྱེད་པར་ཆ་རྐྱེན་སྐྲུན་དགོས།

    འདི་ལོའི་ཟླ་5པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་པེ་ཅིང་དུ་ཞལ་འཛོམས་གནང་ཞིང་། དེ་རྗེས་ཀྱི་ཟླ་བ་ཁ་ཤས་རིང་ཕྱོགས་གཉིས་པོས་འབྲེལ་གཏུག་རྒྱ་ཁྱབ་རྒྱུན་འཁྱོངས་བྱས་ཏེ་ཕྱི་འབྲེལ་སྡེ་ཚན་ནས་ཁྲིམས་སྒྱུར་སྒྲིག་གཞིའི་བར་དང་དེ་ནས་དམག་དོན་རིམ་ངོས་ཀྱི་འབྲེལ་གཏུག་སོགས་བར་ཚང་མ་སླར་གསོ་བྱུང་བ་དང་སྐུལ་འདེད་ཐེབས་ཡོད། མཉམ་འགུལ་དེ་དག་གིས་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་བར་རྨང་གཞི་བཏིང་ཡོད། ཕྱིས་འབྱུང་མི་མཐུན་པ་གང་འདྲ་ཞིག་བྱུང་རུང་ཨ་ཀྲུང་ཕྱོགས་གཉིས་པོས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཕན་ཚུན་བརྟེན་རེས་དང་གཉིས་ཁེ་གཉིས་ཕན་གྱི་ཚོང་དོན་དང་མ་འཇོག་འབྲེལ་བ་མུ་མཐུད་འཛུགས་པ་དང་འབྲེལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་དེ་བས་མང་བ་འཚོལ་དགོས། ཨ་ཀྲུང་གིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཝ་ཧྲེང་ཐོན་དུ་ཞལ་འཛོམས་གནང་བ་གོ་སྐབས་སུ་བྱས་ཏེ། གྲུབ་འབྲས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་དོན་འཁྱོལ་བྱེད་པ་དང་འབྲེལ་མི་ཐབས་རིག་ནུས་དང་ཕྱོགས་གཉིས་པོའི་མ་འཇོག་སོགས་ཁྱབ་ཁོངས་སུ་མཉམ་ལས་གསར་པ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས།

    དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཨ་ཀྲུང་འབྲེལ་བའི་ཀ་རྟེན་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཝ་ཧྲེང་ཐོན་གྱི་ཞལ་འཛོམས་ཁྲོད་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཨ་ཀྲུང་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་དགེ་མཚན་ལྡན་པའི་ནུས་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པའི་གྲོས་མོལ་གྲུབ་འབྲས་ལ་ཁས་ལེན་གནང་བ་དེའི་ནང་ཚོང་དོན་ལས་འཛིན་ལྷན་ཚོགས་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འབྲེལ་སྐུལ་འདེད་གཏོང་བ་དང་། “ཨ་སྒོར་དུང་ཕྱུར་300”ཡི་འདྲ་མཚུངས་ཀྱི་ཁྲལ་གཅོག་བཀོད་སྒྲིག་ལ་མོས་མཐུན་བྱུང་བ། ཁྭ་ལ་ལུམ་ཕུར་གྱི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་གྲུབ་འབྲས་དུས་འགྱངས་བྱེད་པ་སོགས་ཚུད་ཡོད། དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་ཡོད་པ་དེས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་ཕན་ཐོཌ་ཡོད་པ་མ་ཟད། ཕྱོགས་གཉིས་པོའི་འབྲེལ་བའི་ཐད་ཀྱི་ཁྲོམ་རའི་ཡིད་ཆེས་འཕེལ་བར་ཕན་ཐོགས་ཀྱང་ཡོད།

    མི་ཐབས་རིག་ནུས་ཀྱང་འབྱུང་འགྱུར་ཨ་ཀྲུང་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ཕྱོགས་གཉིས་པོས་མི་ཐབས་རིག་ནུས་ཐད་སྐད་ཆ་ཤོད་རེས་དང་མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཉེན་ཁ་དང་ཕན་ཡོན་ཐད་སྤེལ་རེས་བྱ་རྒྱུའི་མོས་མཐུན་བྱུང་བ་དང་འབྲེལ་མི་ཐབས་རིག་ནུས་དོན་རྐྱེན་གྱི་འབྲེལ་གཏུག་ཐབས་ལམ་འཛུགས་རྒྱུའི་མོས་མཐུན་ཡང་བྱས་ཡོད། མི་ཐབས་རིག་ནུས་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཤུགས་རྐྱེན་ལྡན་པས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་དེའི་ཐད་མཉམ་ལས་བྱས་ཚེ་ཕྱོགས་གཉིས་པོའི་འབྲེལ་བར་ཕན་ཐོགས་ཡོད་པ་མ་ཟད། ད་དུང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་པར་ཉམས་མྱོང་མཁོ་འདོན་བྱེད་ཐུབ།

    ཨ་རིས་དེ་སྔ་ལག་ལེན་བསྟར་བའི“འབྲེལ་ཐག་གཅོད་པའི”སྲིད་ཇུས་ལ་ཕན་འབྲས་ཐོན་མི་སྲིད་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། གོ་ལ་ཧྲིལ་པོའི་ཐོན་རྫས་མཁོ་སྤྲོད་འཁོར་འབྲེལ་ཁྲོད་ཀྲུང་གོས་གནས་བབ་གལ་ཆེན་བཟུང་བས་ཀྲུང་གོའི་བར་རྒྱུད་ཐོན་རྫས་མཁོ་སྤྲོད་བྱེད་པ་དེ་བཙན་ཤེད་ཀྱིས་མེད་པར་བཟོས་པ་དེས་ཨ་རིའི་ངོས་ནས་བློས་གཏོང་ཆེན་པོ་ཞིག་རེད། ཕྱོགས་གཉིས་པོས་དོན་དངོས་དེར་ཕྱོགས་ནས་འགྲན་རྩོད་དང་མཉམ་ལས་དབར་དེ་བས་དོ་སྙོམས་བརྟན་པོ་ཡོང་བར་བྱེད་དགོས། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་མཉམ་གནས་དང་མཉམ་ལས་ཀྱི་ཁྱབ་ཁོངས་འཚོལ་ཞིབ་བྱེད་དགོས།

    གཞོན་ནུའི་དབར་གྱི་སྤེལ་རེས་དང་དེ་བས་རྒྱ་ཆེ་བའི་དམངས་ཁྲོད་ཀྱི་འགྲོ་འོང་ཡང་མེད་དུ་མི་རུང་བ་ཞིག་རེད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་ཁོར་ཡུག་ཐད་ཧེ་བག་ཡོད་པའི་ཁར། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་བརྟེན་ཨ་རིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་འཛིན་པའི་ངོས་འཛིན་སྔར་བས་རྙོག་འཛིང་ཆེ་རུ་ཕྱིན་ཡོད། ལུས་རྩལ་དང་། སློབ་གསོ། རིག་གནས་བཅས་དང་དེ་བཞིན་གཞོན་ནུའི་དབར་གྱི་སྤེལ་རེས་ལས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་། ཁེ་ལས་མཁས་ཅན། སྲིད་ཇུས་བཟོ་མཁན་སོགས་ཚོགས་སྤྱི་མི་འདྲ་བས་ཕ་རོལ་པོའི་རྒྱལ་ཁབ་ལ་ཐད་ཀར་རྒྱུས་མངའ་ལོན་ཐུབ།

    ཨ་ཀྲུང་རྒྱལ་ཁབ་གཉིས་པོས་གཙོ་བདག་གི་ཕྱི་འབྲེལ་བརྒྱུད་ཁ་ཕྱོགས་སྣེ་ཁྲིད་བྱེད་པ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་བརྒྱུད་རྨང་གཞི་བརྟན་དུ་གཏོང་བ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་བརྒྱུད་འཕར་ཚད་འཚོལ་བ། མི་ཆོས་རིག་གནས་སྤེལ་རེས་བརྒྱུད་བསམ་ཤེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཨ་ཀྲུང་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བས་མདུན་སྐྱོད་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད།

    (རྩོམ་པ་པོ་ནི་ཨ་རིའི་ཀྲུང་ཨའི་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།