ཀྲུང་གོས་ཐོ་ཀོར་རོགས་སྐྲུན་བྱས་པའི་གྲོང་གསེབ་ཀྱི་ཆུ་བེད་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་རྗེས་ས་གནས་དེ་གའི་གྲོང་མིས་བརྗོད་དོན།
ད་ཆ་ཆུ་ལེན་པར་ལ་ཀླུང་བརྒལ་དགོས་ཀྱི་མི་འདུག

འདི་ནི་ཐོ་ཀོའི་ཨཱ་ཉི་ཞིང་ཆེན་ཝཱ་ནུའོ་ཁོ་ཕུའུ་གྲོང་ཚོ་གཉིས་པའི་བྱིས་པ་ཚོས་ཀྲུང་གོས་རོགས་སྐྲུན་བྱས་པའི་ཁྲོན་པ་ནས་ཆུ་ལེན་བཞིན་པ།
ཞོགས་པར་ཐོ་ཀོའི་བྱང་རྒྱུད་ས་མཐོ་ཆུས་ཀྱི་ཨའོ་ཀུའུ་ཞིང་ཆེན་ཧྥུའུ་ཀྲུའུ་ཨཱ་ཡེ་གྲོང་ཚོའི་གྲོང་མི་ཚོ་གསར་དུ་བསྔོགས་པའི་ཁྲོན་པའི་འགྲམ་དུ་བང་བསྒྲིགས་པ་དང་། གྲོང་མི་ཨཱ་གཡོད·ཨའེ་སུའོ་མན་ཏས་ཆུ་འཐེན་འཕྲུལ་འཁོར་དལ་བུར་མནན་པས་དྭངས་ཤིང་གཙང་བའི་འཐུང་ཆུ་ག་ལེར་ཐོན། “སྔོན་ཆད། ནང་མི་ཚང་མ་ཉིན་ལྟར་རྐང་ཐང་མར་སྤྱི་ལེ་ཁ་ཤས་བསྐྱོད་དེ་ཨཱ་ནེ་གཙང་པོར་ཆུ་ལེན་དུ་འགྲོ་དགོས། ད་ཆ་སོ་སོའི་སྒོ་རྩ་ནས་འཐུང་ཆུ་གཙང་མ་ལེན་ཐུབ་ཀྱི་འདུག”ཅེས་ཨའེ་སུའོ་མན་ཏས་འཛུམ་དམུལ་དམུལ་ངང་བཤད།
དུས་ཡུན་རིང་པོར་འཐུང་ཆུའི་གནད་དོན་གྱིས་ཐོ་ཀོའི་ས་མཐོའི་གྲོང་གསེབ་ལ་དཀའ་ངལ་བཟོས་ཡོད། ཆུ་མཁོ་འདོན་གྱི་རྨང་གཞིའི་སྒྲིག་བཀོད་ཞན་རྐྱེན་གྲོང་མི་མི་ཉུང་བ་ཞིག་གིས་ཆུ་ཡུར་དང་ཆུ་དོང་ནས་ཆུ་ལེན་དགོས་ཀྱི་ཡོད། ཐན་པ་བསྟན་ནས་ཆུ་འགོ་ཁ་ཤས་སྐམ་ཚེ་གྲོང་མི་ཚོ་ཐག་དེ་བས་རིང་སར་བསྐྱོད་དེ་འཐུང་ཆུ་མི་འཚོལ་ཀ་མེད་བྱུང་ཡོད། ལེགས་བཅོས་མ་བྱས་པའི་ཆུ་འགོར་སྦགས་བཙོག་ཕོག་སླ་བས་གྲོང་མི་ཚོའི་བདེ་ཐང་ལ་མངོན་མེད་རྐྱེན་ངན་འཕྲད་ཡོད།
ས་གནས་དེ་གའི་འཐུང་ཆུའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཅང་ཤིས་ཀྲུང་གོ་རྡོ་སོལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཀྲུང་གོས་ཐོ་ཀོར་རོགས་སྐྱོར་བྱས་པའི་གྲོང་གསེབ་ཀྱི་ཆུ་བེད་རྣམ་གྲངས་དེ་2024ལོའི་ཟླ་བཅུ་གཅིག་པར་ལས་འགོ་ཚུགས་ཤིང་འདི་ལོའི་ཟླ་དགུ་པར་ལས་མཇུག་འགྲིལ་ནས་རྩིས་སྤྲད་ཡོད། རྣམ་གྲངས་དེས་ས་མཐོའི་གྲོང་ཚོ་300ལྷག་ལ་ཁྲོན་པ་305བསྔོགས་པ་དེས་ས་གནས་དེ་གའི་མང་ཚོགས་ཁྲི་17ལྷག་ལ་ཕན་པ་ཐོབ་ཡོད་པ་རེད།
ལོ་70ལ་སླེབས་པའི་ཏུང་ཝུའེ་གྲོང་ཚོའི་གྲོང་དཔོན་སང་ཁཱ·ཡཱ་ཨའོ་ཡིས་རྣམ་གྲངས་དེའི་བརྒྱུད་རིམ་ཧྲིལ་པོར་དཔང་པོ་བྱེད་ཐུབ། ཐེངས་དང་པོར་ཁྲོན་པ་ནས་ཆུ་དོན་སྐབས་གྲོང་མི་ཚང་མ་དགའ་སྤྲོས་མྱོས་ནས“ལ་ཀླུང་བརྒལ་ནས་ཆུ་ལེན་དུ་འགྲོ་དགོས་ཀྱི་མི་འདུག”ཅེས་དགའ་འབོད་བྱེད་པའི་རྣམ་པ་ཁོང་གིས་ད་དུང་ཡང་ཡིད་ལ་ཝ་ལེར་དྲན་གྱི་ཡོད་པ་རེད།
ལས་གྲྭ་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་རིང་། ས་གནས་དེ་གའི་ལས་མི་ཁག་ཅིག་གིས་ཁྲོན་འབིགས་དང་། སྒྲིག་ཆས་བདག་སྐྱོང་། ཆག་སྐྱོན་གྲལ་བཤེར་སོགས་ཀྱི་ཆེད་ལས་རྩལ་ནུས་རིམ་བཞིན་ཁོང་དུ་ཆུད་པ་དང་ལོ་38ལ་སླེབས་པའི་གསོར་འབིགས་འཕྲུལ་འཁོར་བཀོལ་སྤྱོད་པ་ཡཱ་ཨའོ་ནི་ཁོང་ཚོའི་གྲས་ཤིག་རེད། དང་ཐོག་རྣམ་གྲངས་ནང་ཞུགས་སྐབས་ཡཱ་ཨོ་ཡིས་རྨང་གཞིའི་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་ཙམ་ལས་ཤེས་ཀྱི་མེད། ཡིན་ན་ཡང་ཀྲུང་གོ་ཕྱོགས་ཀྱི་དགེ་རྒན་གྱིས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་རྗེས་ཡཱ་ཨའོ་ཡིས་གསོར་འབིགས་འཕྲུལ་འཁོར་གྱི་སྒྲིག་ཆས་བཀོལ་སྤྱོད་ཡག་པོ་བྱེད་ཤེས་པ་མ་ཟད། ཁྲོན་གནས་འདེམས་སྟངས་སོགས་ལས་དོན་ནང་ལ་ཡང་ཞུགས་ཐུབ། “ཀྲུང་གོའི་ཁེ་ལས་ཀྱི་རྣམ་གྲངས་ལས་ང་ལ་ཡོང་འབབ་བརྟན་པོ་རག་པ་མ་ཟད་ད་དུང་ལག་རྩལ་ཡང་ཤེས་བྱུང་། རྩལ་ནུས་འདི་དག་འཛོམས་པས་ངའི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད”ཅེས་ཡཱ་ཨའོ་ཡིས་བཤད། དུས་ཡུན་རིང་པོར་རྣམ་གྲངས་ལས་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ས་གནས་དེ་གའི་བཀོལ་སྤྱོད་བདག་སྐྱོང་མི་སྣ་ཁག་ཅིག་ཀྱང་གསོ་སྦྱོང་བྱས་ཡོད། རྣམ་གྲངས་དངོས་སུ་རྩིས་སྤྲད་རྗེས། ས་གནས་དེ་གའི་ལག་རྩལ་མི་སྣས་རྗེས་མཐུད་ཀྱི་བདག་སྐྱོང་ལས་དོན་སྒྲུབ་འགན་ཁུར་ནས་ཆུ་མཁོ་འདོན་སྒྲིག་བཀོད་ཡུན་རིང་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
ཐོ་ཀོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་མིན་གྱིས། ཀྲུང་གོས་ཐོ་ཀོར་རོགས་སྐྲུན་བྱས་པའི་གྲོང་གསེབ་ཀྱི་ཆུ་བེད་རྣམ་གྲངས་ནི་དམངས་འཚོར་ཕན་པའི་འདུ་འགོད་ཅིག་ཡིན་པ་མ་ཟད། ཀྲུང་གོ་དང་ཐོ་ཀོའི་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། “རྣམ་གྲངས་འདི་ས་གནས་དེ་གའི་མང་ཚོགས་ཚོའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ཡོད། ཁོང་ཚོའི་ཆེད་ལས་ནུས་པར་དངོས་འབྲེལ་དགའ་མགུ་དང་ཡི་རངས་ཞུ་འོས་པ་ཞིག་རེད” ཐོ་ཀོའི་ས་མཐོ་ཆུས་ཀྱི་ཆུས་ཀྲང་ཏཱ་ཅཱ་མཱ་ཅཱ་ནཱ་ཝུའེ་ཡིས། ཐེངས་འདིའི་མཉམ་ལས་ལས་གཉིས་ཁེ་གཉིས་ཕན་བྱུང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཡང་ཕྱིན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།