མ་ལེ་ཞི་ཡར་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་མཐོ་རིམ་གླེང་སྟེགས་གཉེར་བ།
ཚེས་7ཉིན། མ་ལེ་ཞི་ཡས་ཁྭ་ལ་ལུམ་ཕུར་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་མཐོ་རིམ་གླེང་སྟེགས་དང་རུའུ་དབྱི་ཤེས་དཔལ་རིག་གནས་དུས་ཆེན་གཉེར་ཞིང་། མ་ལེ་ཞི་ཡ་དང་ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ལས་རིགས་ཁག་གི་མི་སྣ་500ལྷག་ཙམ་མཉམ་དུ་འཛོམས་ནས་ཤེས་དཔལ་གླེང་མོལ་དང་། རིག་གནས་སྤེལ་རེས། ཐུན་མོང་གི་རིན་ཐང་སོགས་ཀྱི་གྲོས་གཞིའི་ཐད་སྤེལ་རེས་བྱས་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ཀྱིས“བསྟུན་ཀྱང་གཅིག་མཚུངས་མི་བྱེད། ཤེས་དཔལ་སྤེལ་རེས་དང་ཐུན་མོང་གི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། མ་ལེ་ཞི་ཡའི་མཐོ་རིམ་སློབ་གསོའི་པུའུ་ཀྲང་ཙན་པི་ལིས་ཙུང་ལི་ཨན་ཝར་གྱི་ཚབ་ཞུས་ནས་བྱེད་སྒོར་ཞུགས་པ་དང་འབྲེལ། བརྗོད་དོན་གཙོ་བོའི་གཏམ་བཤད་ཀྱང་སྤེལ་བ་རེད། ཨན་ཝར་གྱིས་གཏམ་བཤད་སྤེལ་སྐབས། དེང་གི་འཛམ་གླིང་དུ་གདོང་ཐུག་དང་། ཉམས་ཉེན། འགྲན་རྒོལ་བཅས་ཡང་ཡང་ཐོན་གྱི་ཡོད་ལ། རིགས་རྒྱུད་དང་། ཆོས་ལུགས། རིག་གནས། ཆབ་སྲིད་དད་མོས་སོགས་ཐད་ཀྱི་ཧེ་བག་དག་གོ་ནོར་དང་ཕྱོགས་འགལ་ཡོང་རྐྱེན་གཙོ་བོར་འགྱུར་སླ་པོ་ཡོད། “རྒྱབ་ལྗོངས་དེའི་འོག་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད།
ཨན་ཝར་གྱིས་རུའུ་ལུགས་ནས་དར་སྤེལ་བཏང་བའི“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པའི”འདུ་ཤེས་སྤྱད་ནས། དེང་སྐབས་འཛམ་གླིང་ལ“གྱང་མཐོན་པོ”རྒྱག་མི་དགོས་པར“ཟམ་པ”རྒྱག་དགོས་ཀྱི་ཡོད། མི་རྣམས་ཀྱིས་རང་ངོས་ཀྱི་སྲོལ་རྒྱུན་ལ་བསམ་ཤེས་དང་བརྟན་སྲུང་བྱེད་པ་དང་ཆབས་ཅིག ཤེས་དཔལ་གཞན་དག་ལ་སྒོ་དབྱེ་གཏན་འཁྱོངས་བྱས་ནས། ཤེས་དཔལ་གྱི་གླེང་མོལ་བརྒྱུད་ཕན་ཚུན་སློབ་སྦྱོང་དང་བརྩི་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་དེ་བས་ཞི་བདེ་དང་ཞི་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད།
མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་དབྱང་ཡུས་ཅིང་གིས་ཤིས་ཚིག་སྒྲོན་སྐབས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་ནས་ལོ་གསུམ་སོང་རིང་གོ་ལ་ཧྲིལ་པོའི་ཐུན་མོང་ངོས་འཛིན་དུ་ཉིན་རེ་བཞིན་འགྱུར་བཞིན་ཡོད་པ་མ་ཟད། གསོན་ཉམས་དོད་པའི་འཚོལ་ཞིབ་དང་ལག་ལེན་དུ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད་པས་དངོས་ཡོད་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་འདུ་ཤེས་མཐའ་འཁྱོངས་ཀྱིས་རུའུ་དབྱི་ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ནས་ཤེས་དཔལ་སྤེལ་རེས་ཀྱི་གྲུབ་འབྲས་དེ་བས་མང་བ་མི་དམངས་དབར་གྱི་མཛའ་གྲོགས་དང་ཐུན་མོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་འདོད་ཡོད་ཅེས་བརྗོད།
གླེང་སྟེགས་གཉེར་རིང་མཉམ་དུ་འཚོགས་པའི་རུའུ་དབྱི་ཤེས་དཔལ་རིག་གནས་དུས་ཆེན་ལ་མཉམ་འགུལ་རིག་གནས་འགྲེམས་གནས་12བཀོད་སྒྲིག་བྱས་ནས། ཀྲུང་ཧྭའི་ཤེས་དཔལ་དང་དབྱི་སི་ལམ་རིག་གནས་ཀྱི་སྲོལ་རྒྱུན་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། གླེང་སྟེགས་གཉེར་བའི་ཉིན་དེའི་དགོང་མོ་ད་དུང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་གླེང་མོལ་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་མང་པོའི་འཐུས་མིས་ཤེས་དཔལ་སྤེལ་རེས་དང་། རྒྱལ་སྤྱིའི་མཉམ་ལས། གོ་ལ་ཧྲིལ་པོའི་ཐུན་མོང་འགྲན་སློང་སོཌ་བརྗོད་དོན་གཙོ་བོར་གྲོས་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།