དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྟོན་གུང་གསེང་རིང་གྲུ་ཁ་མང་པོས་ལས་མཚམས་དང་འཛུགས་སྐྲུན་བྱེད་མཚམས་བཞག་མེད།

    གྲུ་ཁའི་ལས་བྲེལ་ཆེ་བའི་རྣམ་པ་ལས་ཕྱི་ཕྱོགས་ཚོང་དོན་གྱི་གསོན་ཤུགས་ཆེན་པོ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-10

    འདི་ནི་ཟླ་10ཚེས་7ཉིན་ལེའོ་ཉིང་ཏ་ལེན་དོས་སྒམ་གྲུ་ཁར་ཁ་བཀག་པའི་གྲུ་གཟིངས་ནས་དངོས་ཟོག་འདོན་འཇུག་བྱེད་བཞིན་པ།

    གཙང་པོ་དང་རྒྱ་མཚོའི་ངོགས་ཀྱི་གྲུ་ཁར་ལས་བྲེལ་ཆེ། རྒྱལ་སྟོན་གུང་གསེང་རིང་གྲུ་ཁ་ཁག་ཏུ་གྲུ་གཟིངས་འགྲོ་འོང་དང་དངོས་ཟོག་འདོན་འཇུག་ལ་བྲེལ་བ་དེས་རྒྱལ་ཁབ་ཕྱི་ནང་གི་ཚོང་ཟོག་མགྱོགས་མྱུར་ནང་འདྲེན་དང་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་ཡོད།

    རྒྱལ་སྟོན་གུང་གསེང་གི་ཉིན་དང་པོ་ནས་གསུམ་པའི་བར། ཧྲང་ཧའེ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་དབྱང་ཧྲན་གཏིང་ཟབ་གྲུ་ཁའི་དུས་ཐེངས་བཞི་པའི་རང་འགུལ་ཅན་གྱི་གྲུ་ཁར་རིམ་རྩིས་བརྒྱབ་ན་ལས་སྒྲུབ་བྱེད་ཚད་ཚད་ལྡན་སྒམ་ཁྲི་7.9ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་18.7%འཕར་བ་དང་། སྔོན་དཔག་བྱས་ན་གུང་གསེང་ཉིན་7རིང་ཁྱོན་ལས་སྒྲུབ་བྱེད་ཚད་ཚད་ལྡན་སྒམ་ཁྲི་18ལྷག་ཙམ་ཟིན་རྒྱུ་རེད། “གྲུ་གཟིངས་གྲུ་ཁ་ནས་འགྲོ་འོང་དང་། དངོས་ཟོག་འདོན་འཇུག མཚོ་ཐོག་ལམ་ཐིག་སྦྲེལ་མཐུད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་རིག་ནུས་ཅན་གྱི་བཀོད་གཏོང་བྱས་ནས་གྲུ་ཁའི་འདོན་འཇུག་ལས་ལ་ཕན་ནུས་ཆེ་ཤོས་ཐོན་པར་བྱས་ཡོད”ཅེས་ཧྲང་ཀང་ཚོགས་པ་ཧྲང་ཏུང་ཡན་ལག་ཀུང་སིའི་དབུ་བཞུགས་རྒྱང་ཁྲིད་བཀོལ་སྤྱོད་པ་ཧོང་ཧྭ་ཡིས་ངོ་སྤྲོད་བྱས།

    རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་སྦྲེལ་མཐུད་བྱེད་པའི་ལྟེ་བ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གྲུ་ཁ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི“ཆར་བརྟག་ཡོ་བྱད”ལྟ་བུ་རེད། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་17.6%འཕར་བ་དང་། གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་120.6ཟིན་པའི་ནང་ཕྱི་ཕྱོགས་ཉོ་ཚོང་གི་དངོས་ཟོག་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་2.8%འཕར་ཡོད།

    བྱང་རྒྱུད་མཚོ་ཁུག་འགྲམ་དུ་དུས་གཏན་མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་ཆིན་ཀྲོའུ་མཚོ་ཁོངས་སུ་ཟོག་འདྲེན་གྲུ་གཟིངས་གྲལ་སྟར་བསྒྲིགས་ཡོད། རྒྱལ་སྟོན་གུང་གསེང་རིང་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁའི་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁས་ཆུ་ཚོད་24བསྟུད་མར་ལས་སྒྲུབ་བྱས་པ་དང་། ཟླ་10ཚེས་1ནས་7ཉིན་བར་དངོས་ཟོག་འདོན་འཇུག་བྱེད་ཚད་སྔོན་དཔག་བྱས་ན་ཚད་ལྡན་སྒམ་ཁྲི་4.5ཟིན་རྒྱུ་རེད། ཟླ་9ཚེས་16ཉིན་ཕིང་ལུའུ་མིས་བཟོས་གཙང་པོར་དངོས་སུ་གྲུ་གཟིངས་ཤར་གཏོང་ཐུབ་པ་དང་མཚོ་ཁོངས་དེ་འཁྲུག་ཆ་དོད་དུ་ཕྱིན་པ་སྟེ། ཡུན་ནན་དང་ཀུའེ་ཀྲོའུ་ཡི་ལྕགས་གཏེར་དང་རླངས་འཁོར་གྱི་ལྷུ་ལག་ལྕགས་ལམ་དང་ཆུ་ཐོག་སྐྱེལ་འདྲེན་བརྒྱུད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་དབོར་བ་དང་། ཀི་ནེ་ཡ་དང་ལོ་སིའི་རྡོ་སོལ་དང་ཧ་ཡང་གཏེར་ཁ་མིས་བཟོས་གཙང་པོ་བརྒྱུད་ལྷོ་ནུབ་དབུས་རྒྱུད་དུ་དབོར་གྱི་ཡོད།

    “མཚོ་ཐོག་འགྲུལ་བཞུད་ཀྱི་ལམ་ཐག་ཐུང་དུ་ཕྱིན་པས། ཉེ་ཆར་ཀོང་ཤིས་ཀུའེ་ཀང་དང་། ནན་ཉིང་། པའེ་སེ་བཅས་དང་དེ་བཞིན་ཡུན་ནན་དང་། ཀུའེ་ཀྲོའུ། སི་ཁྲོན་སོགས་ཀྱི་ཚོང་འགྲུལ་མང་དུ་ཕྱིན་འདུག”ཅེས་ཀོང་ཤིས་ཆིན་ཀྲོའུ་ཁྲལ་སྲུང་གྲུ་ཁ་ཧུང་ཀང་གྲུ་ཁ་ཚད་ཡོད་ཀུང་སིའི་བཀོལ་སྤྱོད་པུའི་ཅིང་ལི་གཞོན་པ་ཀྲང་མིང་ཧོ་ཡིས་བཤད།

    བྱང་ཤར་དུ་བལྟས་ཚེ། ཟླ་10ཚེས་7ཉིན་གྱི་ཕྱི་དྲོར་རྒྱ་མཚོའི་མནའ་འབྲེལ་ཡོ་རོབ་མཚོ་ཐོག་ལམ་ཐིག“ཤར་ཕྱོགས་སུའེ་ཏེན”རྟགས་ཅན་གྱི་གྲུ་གཟིངས་ལེའོ་ཉིང་ཏ་ལེན་དོས་སྒམ་གྲུ་ཁར་ཁ་བརྟན་པོ་བཀག་པ་དང་འདོན་འཇུག་ལས་ཡུལ་7དུས་གཅིག་ཏུ་ལས་སྒྲུབ་བྱེད་འགོ་ཚུགས་ཡོད། ཏ་ལེན་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སིས་བྱང་ཤར་ས་ཁུལ་གྱི་98%ཡན་གྱི་ཕྱི་ཕྱོགས་ཚོང་དོན་དོས་སྒམ་སྐྱེལ་འདྲེན་བྱེད་འགན་འཁུར་བ་དང་ད་ལོ་ཕྱི་ཕྱོགས་ཚོང་དོན་གྱི་མཚོ་ཐོག་ལམ་ཐིག་གསར་པ་5ཤར་གཏོང་ཐུབ་ཡོད། “གྲུ་གཟིངས་གྲུ་ཁར་ཆུ་ཚོད་20སྡོད་པའི་ནང་ཚུན་དུ་ང་ཚོས་ཚད་ལྡན་སྒམ་4900ཙམ་འདོན་འཇུག་བྱེད་དགོས་ཀྱི་ཡོད”ཅེས་ཏ་ལེན་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སིའི་བཀོལ་སྤྱོད་གཉེར་སྐྱོང་པུའི་ལས་རེས་ཅིང་ལི་ཆིའུ་ལིས་ངོ་སྤྲོད་བྱས་པ་དང་།

    ཁོང་གིས་རྒྱལ་སྟོན་གུང་གསེང་རིང་དོས་སྒམ་གྲུ་ཁའི་ལས་འབོར་ཆེན་པོ་ཡོད་པ་དང་། སྔོན་དཔག་བྱས་ན་སྤྱིའི་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་20%ཙམ་འཕར་རྒྱུ་རེད། “ལྷོ་ཕྱོགས་ཞིང་ཆེན་དུ་དབོར་བའི་འབྲུ་རིགས་ཡོད་ལ་ཡོ་རོབ་ཏུ་དབོར་བའི་ཞིབ་ཚགས་དཔྱད་ཆས་དང་། རླངས་འཁོར་ཧྲིལ་པོ། སྒྲིག་ཆས་ལྷུ་ལག་སོགས་ཀྱང་ཡོད”ཅེས་བཤད་པ་རེད།

    རྒྱལ་སྟོན་གུང་གསེང་རིང་གྲུ་ཁ་རིམ་སྤོར་བྱེད་མཚམས་བཞག་མེད་པ།

    ཧྲང་ཧའེ་གྲུ་ཁའི་རང་འགུལ་ཅན་གྱི་གྲུ་ཁ་གསུམ་པ་དང་ཞའོ་དབྱང་རི་བོའི་བྱང་རྒྱུད་ལས་སྒྲུབ་ཁུལ་གྱི་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་དང་། རང་འགུལ་ཅན་གྱི་ངོགས་ཟམ་5ཚང་མ་དམིགས་སར་འབྱོར་ཡོད། ཧྲང་ཀང་ཚོགས་པའི་ལས་གྲྭ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཆིན་ཐའོ་ཡིས། རང་འགུལ་ཅན་གྱི་གྲུ་ཁ་གསར་པ་དེས་ཧྲང་ཀང་གིས་རང་བརྟེན་ཞིབ་སྤེལ་བྱས་པའི་རབས་གསར་པའི་རང་འགུལ་ཅན་གྱི་གྲུ་ཁའི་རིག་ལྡན་གཉེར་སྐྱོང་དོ་དམ་མ་ལག་རིམ་སྤོར་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ཆིན་ཀྲོའུ་གྲུ་ཁའི་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁ་དང་ཏུན་5000རིམ་པའི་གཙང་པོ་དང་མཚོ་ཐོག་མཉམ་འདྲེན་གྱི་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁ་5དུས་གཅིག་ཏུ་སྐྲུན་བཞིན་ཡོད་ཅིང་། རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་ཀྱི་ལྡིར་སྒྲ་བར་མེད་ངང་གྲགས་བཞིན་མཆིས། ཡུན་རིང་མ་སོང་བར་ཕིང་ལུའུ་མིས་བཟོས་གཙང་པོ་ནས་ཡོང་བའི་གཙང་གྲུ་དག་མཚོ་གྲུ་དང་མཉམ་གཤིབ་ངང་ཆུ་ལམ་གཅིག་ཏུ་བཞག་ནས། དངོས་ཟོག་དེ་དག་སྒོ་འཕྲུལ་དང་། ཀོ་ཐག་འཕྲུལ་འཁོར། ལྗིད་འདེགས་སོགས་སྒྲིག་ཆས་བརྒྱུད“གཙང་པོ་དང་རྒྱ་མཚོ་བརྒྱུད་འདྲེན་དང་དངོས་ཟོག་ཐད་ཀར་འདོན་འཇུག”ཐུབ་ནས་དངོས་ཟོག་འབེབས་པ་དང་མཛོད་འཇུག་གི་ལྷུ་ཚིགས་ཉུང་དུ་ཕྱིན་ཏེ་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་རེད།

    རྒྱལ་ཡོངས་སུ་རང་འགུལ་ཅན་གྱི་གྲུ་ཁ་60བསྐྲུན་ཟིན་པའི་ཁྲོད་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁ་30ཡོད་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་27%བཟུང་བ་དང་། ཧྲང་ཧའེ་གྲུ་ཁ་དང་ཧྲན་ཏུང་ཆིང་ཏའོ་གྲུ་ཁའི་རང་འགུལ་ཅན་གྱི་གྲུ་ཁའི་འཕྲུལ་ཚན་རྐྱང་པའི་ལས་ཕྱོད་མགྱོགས་ཤོས་ཆུ་ཚོད་རེར་རང་བྱུང་སྒམ་60ལས་བརྒལ་བ་དང་། མཚོ་རྒྱུད་ཀྱི་གྲུ་ཁ་གཙོ་བོའི་རྒྱལ་སྤྱིའི་དོས་སྒམ་གྲུ་གཟིངས་གྲུ་ཁར་ཁ་བཀག་པའི་དུས་ཡུན་ཆ་སྙོམས་ཉིན་1.7ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།