རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་བྱེད་པར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།
རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་ནི་རྒྱལ་ཁབ་ཀྱིས་ནུས་ཤོར་རྒན་རྒོན་ལ་སྤྲད་པའི་གཅེས་སེམས་མཚོན་པའི“འཛད་སྤྱོད་ཤོག་ཆག”ཅིག་ཡིན་པ་དང་། ནོར་སྲིད་ཀྱིས་མ་དངུལ་བཏང་ནས་ཁ་གསབ་སྤྲོད་པ་དང་། ཆ་རྐྱེན་དང་མཐུན་པའི་རྒན་རྒོན་གྱིས་ཁྱིམ་སྡོད་དང་། སྡེ་ཁུལ། ལས་ཁུངས་བཅས་ཀྱི་རྒན་གསོའི་ཞབས་ཞུ་ཉོ་སྐབས་འཛིན་ཤོག་ཁྱེར་ནས་བཅད་འབོར་ནང་གི་བསྡུར་ཚད་གཞིར་བཟུང་དངུལ་གྱི་ཚབ་བྱེད་ཆོག་གི་ཡོད། ཟླ་10ཚེས་7ཉིན་བར་རིམ་པ་འབྲིང་བ་ཡན་གྱི་ནུས་ཤོར་རྒན་རྒོན་ལ་དམིགས་པའི་ཁ་གསབ་རྣམ་གྲངས་དེས་མི་ཁྲི་246ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
འཛད་སྤྱོད་འཛིན་ཤོག་རག་ཐབས་དང་བེད་སྤྱོད་ཡག་པོ་ཇི་ལྟར་བྱེད་དགོས་སམ། ཀུན་ཕན་སྲིད་ཇུས་ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་ཇི་ལྟར་ཐུབ་པ་བྱེད་དགོས་སམ། གསར་འགོད་པས་དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།
རྒན་རྒོན་གང་དག་གིས་འཛིན་ཤོག་ལེན་ཆོག་གམ།
ཀློག་པ་པོའི་དོ་ཁུར། ངའི་ལས་ཀ་བྱེད་ས་ཧྲང་ཧའེ་རུ་ཡིན་པས་པཱ་ལགས་བསུས་ཏེ་ལྟ་རྟོག་བྱེད་རྩིས་ཡོད། ཁོང་ཕ་ཡུལ་ཀྲེ་ཅང་དུ་ནུས་ཤོར་རིམ་པ་འབྲིང་གྲས་སུ་གཏན་འཁེལ་བྱས་པ་རེད། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་གང་ནས་རེ་ཞུ་བྱ་དགོས། ཡང་བསྐྱར་དཔྱད་དཔོག་བྱེད་དགོས་སམ།
འཛད་སྤྱོད་འཛིན་ཤོག་སྤྲོད་ཡུལ་ནི་གཅིག་གྱུར་དཔྱད་དཔོག་བྱས་པ་བརྒྱུད་རིམ་པ་འབྲིང་བ་དང་ཚབས་ཆེ་བའམ་ཡང་ན་རྦད་དེ་ནུས་པ་ཤོར་བའི་རྒན་རྒོན་ཡིན། དཔྱད་དཔོག་རིམ་པ་དང་འཛད་སྤྱོད་འཛིན་ཤོག་ལེན་པའི་རེ་ཞུ་དེ“དམངས་སྲིད་ཀུན་ཁྱབ”ཀྱི་བྱ་རིམ་ཆུང་ངུའམ་ཡང་ན་ལག་ཐོགས་ཁ་པར་གྱི་བཀོལ་སྤྱོད་བརྒྱུད་ལེགས་གྲུབ་བྱ་རྒྱུ་རེད། རྒན་རྒོན་སོ་སོས་གཉེར་ཆོག་ལ་བུ་ཕྲུག་དང་གཉེན་ཉེ་དང་། གྲོང་ཚོའི(སྡེ་ཁུལ)ལས་དོན་པ། རྒན་གསོའི་ཞབས་ཞུ་ལས་ཁུངས་ཀྱི་ལས་དོན་པ་བཅས་ཀྱིས་ཀྱང་ཚབ་གཉེར་བྱེད་ཆོག རེ་ཞུ་བྱེད་སྐབས་མིག་སྔའི་སྡོད་གནས་དངོས་ལ་བལྟ་དགོས། རྒན་རྒོན་གྱིས་2024ལོའི་ཟླ་7པའི་རྗེས་སུ་ནུས་པར་དཔྱད་དཔོག་བྱས་པ་མ་ཟད། ཞིང་ཆེན་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་འབྲིང་རིམ་དང་དེ་ཡན་གྱི་ནུས་ཤོར་རིམ་པར་གཏན་འཁེལ་བྱས་ཚེ་བསྐྱར་དུ་དཔྱད་དཔོག་བྱེད་མི་དགོས།
དོ་སྣང་བྱེད་དགོས་པ་ཞིག་ནི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་རོགས་སྐྱོབ་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་གྱི་གཅིག་སྡུད་ལྟ་རྟོག་ཞབས་ཞུའི་ཁ་གསབ་རོགས་སྐྱོར། ཡང་ན་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་རིམ་སྤོར་བྱ་སྤྱོད་རྣམ་གྲངས་ཀྱི་ཞབས་ཞུ་བཅས་ལོངས་སྤྱོད་བྱེད་བཞིན་པའི་རྒན་རྒོན་རྣམས་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་ཁྱབ་ཁོངས་ནང་བསྐྱར་དུ་འཇུག་རྒྱུ་མིན་པ་རེད། ཡུན་རིང་ནད་སྐྱོང་འགན་བཅོལ་ལོངས་སུ་སྤྱོད་བཞིན་པའི་རྒན་རྒོན་ཡིན་ཚེ་འབྲེལ་ཡོད་ཐོབ་ཐང་འཐེན་འཕྲི་བྱས་རྗེས་མི་སྒེར་གྱིས་གྲོན་དངུལ་བཏང་བའི་ལུགས་མཐུན་གྱི་རྒན་གསོའི་ཞབས་ཞུའི་གཏོང་སྒོ་དེ་སྔར་བཞིན་འཛིན་ཤོག་ནས་འཐེན་འཕྲི་བྱེད་ཆོག
ཞབས་ཞུ་གང་དག་སྤྱོད་ཆོག་གམ།
ཀློག་པ་པོའི་དོ་ཁུར། ངའི་ཁྱིམ་གྱི་རྒན་རྒོན་རྒྱུན་དུ་རྒན་གསོ་ཁང་དུ་སྡོད་པ་དང་། ཟླ་བ་རྗེས་མར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་སྟབས་ནད་གཡོག་གདན་ཞུ་བྱེད་རྩིས་ཡོད། དེར་བརྟེན་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་སྤྱོད་ཆོག་གམ།
སྔོན་ལ་དྲན་སྐུལ་ཞིག་བྱེད་དགོས་པ་སྟེ། འཛད་སྤྱོད་འཛིན་ཤོག་ཟླ་བ་དེ་རང་དུ་དཔྱད་སྤྲོད་དང་ཟླ་བ་དེ་རང་དུ་སྤྱོད་པ་ལས་ཟླ་བ་རྗེས་མར་གོ་ཆོད་ཀྱི་མེད།
འཛད་སྤྱོད་འཛིན་ཤོག་སྤྱོད་པའི་ཁྱབ་ཁོངས་དེ་ཁྱིམ་སྡོད་ཞབས་ཞུ་དང་། ལས་ཁུངས་ཀྱི་རྒན་གསོའི་ཞབས་ཞུ། ཉིན་བཅོལ་ཞབས་ཞུ་སོགས་ལ་ཁྱབ་ཡོད། མིག་སྔར་ཁྱིམ་སྡོད་ཞབས་ཞུའི་ནང་བཟའ་བཏུང་ཞབས་ཞུ་དང་ལུས་འཁྲུའི་ཞབས་ཞུ་སོགས་འཚོ་བའི་ལྟ་སྐྱོང་ཞབས་ཞུ་དང་ལུས་གསོའི་དཔྱད་དཔོག་སོགས་རྨང་གཞིའི་ལྟ་སྐྱོང་ཞབས་ཞུ་དང་དེ་བཞིན་བདེ་ཐང་དོ་དམ་ཞབས་ཞུ་སོགས་ཚུད་ཡོད་པ་རེད། ཞིབ་ཕྲའི་ཞབས་ཞུའི་གསལ་ཐོ“དམངས་སྲིད་ཀུན་ཁྱབ”རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ཐོག་འདྲི་རྩད་བྱེད་ཆོག
འཛིན་ཤོག་ནས་འཐེན་འཕྲི་བྱེད་ཐུབ་མིན་གྱི་འགག་རྩ་ནི་ཞབས་ཞུའི་ལས་ཁུངས་དེ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ཀྱི་གཞུང་ཕྱོགས་གྲངས་གཞིའི་མཛོད་ནང་བཅུག་མིན་ལ་བལྟ་དགོས། གན་བཞག་མཛོད་འཇུག་བྱས་པའི་ཁྱིམ་ལས་དང་། སྡེ་ལས། ནད་སྐྱོང་ཁེ་ལས་སོགས་ཀྱིས་གཏན་འབེབས་ཁྱབ་ཁོངས་ནང་གི་འབྲེལ་ཡོད་ཞབས་ཞུའི་འགྲོ་གྲོན་ཚང་མ་འཛིན་ཤོག་ནས་འཐེན་ཆོག་གི་ཡོད། མཛོད་འཇུག་ལས་ཁུངས་ཀྱིས་ཚད་ལྡན་ངང་ནད་གཡོག་དང་ནད་སྐྱོང་བ་གདན་ཞུ་བྱས་ཚེ་བེད་སྤྱོད་པའི་ཆ་རྐྱེན་དང་མཐུན་ཡོད། འཛིན་ཤོག་བེད་སྤྱོད་མ་བྱས་གོང་ཚང་མས“དམངས་སྲིད་ཀུན་ཁྱབ”བརྒྱུད་འདྲི་རྩད་བྱས་ཆོག
འཛད་སྤྱོད་འཛིན་ཤོག་བེད་སྤྱོད་བྱ་ཡུལ་མང་དུ་ཇི་ལྟར་གཏོང་ངམ།
ཀློག་པ་པོའི་དོ་ཁུར། ང་གནས་སའི་ས་གནས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྱོད་ཡུལ་མང་པོ་མེད། འབྱུང་འགྱུར་དེ་བས་མང་དུ་གཏོང་ཐུབ་བམ།
ད་ལོའི་ཟླ་6པའི་ཟླ་མཇུག་བར། རང་རྒྱལ་གྱི་རྒན་གསོའི་ལས་ཁུངས་དང་སྒྲིག་བཀོད་ཁྲི་38.8ཟིན་པའི་ནང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་བཀོད་ཁྲི་35ཡོད་པས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཕན་འབྲས་ངེས་ཅན་ཐོན་ཡོད། འོན་ཀྱང་དགོས་མཁོའི་ངོས་ནས་བརྗོད་ན་ཞབས་ཞུའི་མཁོ་སྤྲོད་ཀྱི་གྲངས་འབོར་དང་སྤུས་ཚད་ད་དུང་མཐོ་རུ་གཏོང་དགོས་ཀྱི་ཡོད།
མིག་སྔར་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཁ་གསབ་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་མང་དུ་ཧུར་ཐག་གཏོང་བ་དང་ནུས་ཤོར་ལ་ལྟ་རྟོག་ནུས་པ་ལྡན་པའི་རྒན་གསོའི་ལས་ཁུངས་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དེ་བས་མང་བ་ཁ་གསབ་རྣམ་གྲངས་ལ་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་བཞིན་ཡོད་པ་དཔེར་ན། ཧྲང་ཧའེ་ཡིས་མཛོད་འཇུག་གི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་མ་དངུལ་སྤྲོད་མགྱོགས་སུ་བཏང་ནས་ལས་ཁུངས་དེ་བས་མང་བ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཧྲན་ཏུང་གིས་ཁྱིམ་ལས་དང་སྡེ་ལས་ཁེ་ལས་ལ་སྲིད་ཇུས་ཡོངས་བསྒྲགས་བྱས་ཏེ་ཆ་རྐྱེན་འཛོམས་པའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁ་གསབ་རྣམ་གྲངས་ལ་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་པ་རེད། དེ་དང་ཆབས་ཅིག་ས་གནས་མི་ཉུང་བ་ཞིག་གིས་སྤུས་ལེགས་རྒན་གསོའི་ལས་ཁུངས་དག་སྡེ་ཁུལ་དུ་ལས་དོན་སྤེལ་བར་ཁྲིད་སྟོན་བྱས་ནས། མཁོ་སྤྲོད་བྱེད་ཚད་བལྟོས་བཅས་ཉམས་ཞན་གྱི་ས་ཁོངས་སུ་ས་ཚིགས་བཙུགས་ནས་སྒོ་རྩར་ཞབས་ཞུ་བྱེད་པའི་རྣམ་གྲངས་མང་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།