དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་བོད་ཀྱིས་འཛད་ཟོག་རྙིང་ཚབ་གསར་བརྗེས་ཀྱི་མ་དངུལ་སྒོར་དུང་ཕྱུར་4སྤྱི་འདོམས་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-10

    ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2026ལོར། བོད་ལྗོངས་ཀྱིས་འཛད་ཟོག་ཁག་དང་པོ་དང་། གཉིས་པ། གསུམ་པ་བཅས་རྙིང་ཚབ་གསར་བརྗེས་ཀྱི་མ་དངུལ་སྒོར་དུང་ཕྱུར་4སྤྱི་འདོམས་དོན་འཁྱོལ་བྱས་པ་རེད། ཟླ་8ཚེས་31ཉིན་བར། རིམ་རྩིས་བརྒྱབ་ན་འཛད་ཟོག་རྙིང་ཚབ་གསར་བརྗེས་ཁྲི་26.39བྱས་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་11ཟིན་པར་སྐུལ་ཁྲིད་ཐུབ་ཡོད།

    ལྷ་ས་གྲོང་ཁྱེར་གྲོང་བྱང་གནམ་ས་གསར་པའི་རླངས་འཁོར་འགྲེམས་སྟོན་ལ་གྲོང་མི་ལྷ་མོ་རླངས་འཁོར་ཞིག་ལ་སེམས་ཤོར། ཁོང་གིས་མགྱོགས་མྱུར་ཁ་གསབ་རེ་ཞུའི་འགྲོ་ལུགས་གཉེར་རྗེས་གཟའ་སྐར་ཡག་པ་ཞིག་བདམས་ནས་རླངས་འཁོར་གསར་པ་དེ་ཉོས་ཤིང་། ཁོང་གིས“རླངས་འཁོར་རྙིང་པ་དེ་ཉིན་ཤས་གོང་བཙོངས་པ་ཡིན། རླངས་འཁོར་གསར་པ་འདིར་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི་2ཙམ་རག་བྱུང”ཞེས་བཤད།

    འཛད་ཟོག་རྙིང་ཚབ་གསར་བརྗེས་བྱེད་པའི་ཚ་རླབས་འཕྱུར་བ་དེ་ནི་རླངས་འཁོར་ཁོ་ན་ཙམ་མ་ཡིན། ལྷ་ས་ཁྲེང་ཀོན་དབན་ཏ་ཐང་ཆེན་གྱི་ཁ་པར་ཁང་ཞིག་ཏུ་གྲོང་མི་ཕུར་བུས་ཁ་པར་རྙིང་པ་དེའི་རིན་གོང་གཅོག་འཐེན་བྱས་རྗེས་ལྷག་འཕྲོ་རྣམས་སྤྲོད་པའི་རྣམ་པའི་ཐོག་ནས་ཁ་པར་གསར་པ་ཞིག་ཉོས། ཁོང་གིས་གསར་འགོད་པར“ཁ་པར་རྙིང་པ་དེ་བེད་སྤྱོད་ལོ་གསུམ་བྱས་པས་ཁ་པར་གསར་པ་ཞིག་བརྗེ་རྩིས་ཡོད། ཁ་པར་ཚོང་མཁན་གྱིས་རྙིང་ཚབ་གསར་བརྗེས་ཀྱི་བྱེད་སྒོའི་ནང་ཞུགས་ཆོག་གི་རེད་ཟེར་བ་ཐོས་རྗེས་ཁ་པར་རྙིང་པ་དེའི་རིན་གོང་གཅོག་འཐེན་བྱས་རྗེས་དེའི་ཐོག་སྲིད་གཞུང་གི་ཁ་གསབ་བསྣན་པས་ཁ་པར་གསར་པའི་གོང་ཚད་སྒོར་3500ལྷག་ཙམ་གྱིས་ཁེ་བ་བྱུང”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཛད་ཟོག་རྙིང་ཚབ་གསར་བརྗེས་སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་འོག ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་3.6%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.3གྱིས་མཐོ་བ་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། དེའི་ནང་བཅད་གྲངས་ཡན་གྱི་ཚན་པའི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.2%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5ཡིས་མཐོ་བ་ཡོད་པ་རེད། བཅད་གྲངས་ཡན་གྱི་ཚན་པའི་རླངས་འཁོར་གྱི་རིགས་དང་འཕྲིན་གཏོང་ཡོ་བྱད་རིགས་ཀྱི་སིལ་ཚོང་བསྡོམས་འབོར་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་13.8དང་བརྒྱ་ཆའི་གྲངས་5.7སོ་སོར་མཐོ་བ་ཡོད་པས། ལྗོངས་ཡོངས་ཀྱི་འཛད་སྤྱོད་གཞི་ཆེན་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།