ཧྲན་ཤིས་ཀྱི་རྫོང་གྲོང་གསུམ་དུ་རྫོང་ཁོངས་རིག་གནས་དང་ཡུལ་སྐོར་གྱི་གསོན་ཤུགས་ཉམས་སུ་མྱོང་བ།
ཡུལ་སྐོར་གཞུང་ལམ་ལས་རྫོང་ཁོངས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ།
ཧྲན་ཤིས་ཡུན་ཁྲེང་དུ་ཡུལ་སྐོར་བ་མང་པོས་རྫོང་ཁོངས་སུ་ཡུལ་སྐོར་ལ་འགྲོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད།
ཡུན་ཁྲེང་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་102ཡོད་ཅིང་། གྲངས་འབོར་འདི་ནི་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་དང་། དོན་སྙིང་ཟབ་པའི་རིག་དངོས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་ཁུལ་རྨ་ཆུ་འབབ་རྒྱུད་དུ་ཁ་ཐོར་དུ་གནས་ཡོད།
2024ལོར། ཧྲན་ཤིས་ཀྱི་རྨ་ཆུའི་ཡུལ་སྐོར་གཞུང་ལམ་དང་པོའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། ཡུན་ཁྲེང་དུམ་བུའི་ཡུལ་སྐོར་གཞུང་ལམ་ཨ་མར་རིང་ཚད་སྤྱི་ལེ་500ཙམ་ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་རང་བྱུང་དང་མི་ཆོས་ཡུལ་སྐོར་མཛེས་ལྗོངས་93སྟར་ལ་བརྒྱུས་པ་ལྟར་ཆགས་ཡོད་པས། ཡུན་ཁྲེང་གི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་འགྲོ་བའི་འབྲེལ་ཐག་གཙོ་བོ་ཞིག་ཏུ་གྱུར་ཡོད།
རྒྱལ་སྟོན་རིང་། གསར་འགོད་པས་སྒེར་འཁོར་བཏང་ནས་རྨ་ཆུའི་ཡུལ་སྐོར་གཞུང་ལམ་དང་པོ་བརྒྱུད་དེ་ཉིན་3ལ་ཡུན་ཁྲེང་གི་རྫོང་གྲོང་3དུ་བསྐྱོད་པ་ཡིན། རྫོང་གྲོང་3ལ་ཉམས་འགྱུར་མི་འདྲ་བ་རེ་ལྡན་པ་མཐོང་བྱུང་།
ཧྲན་ཤིས་དང་ཧོ་ནན་འབྲེལ་མཚམས་སུ་ཆགས་པའི་ཡོན་ཆུས་རྫོང་གིས་ལེ་ལག་ཚང་བའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད་པས་སྒེར་འཁོར་བཏང་ན་ཧ་ཅང་བློ་བདེ་པོ་འདུག
ཏུང་ཀྲའེ་གྲུ་ཁའི་འགྲམ་གྱི་རི་རྐེད་ཀྱི་ཡུལ་སྐོར་གཞུང་ལམ་འགྲམ་དུ་གཞུང་ལམ་འབབ་ཚུགས་འགའ་བཙུགས་འདུག ཡོན་ཆུས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་པའོ་པའོ་ཡིས། “འབབ་ཚུགས་སུ་མ་བུ་ཁང་དང་དཔེ་ཀློག་ཁང་ཡོད་པས་ཡུལ་སྐོར་བས་ངལ་གསོ་རྒྱག་པ་དང་དཔེ་དེབ་བཀླགས་ཆོག གཞུང་ལམ་ཡུལ་སྐོར་དེ་བས་སྐྱིད་སྣང་དོད་པོ་དང་སྟབས་བདེ་པོ་ཡོད”ཅེས་བཤད།
རྨ་ཆུའི་གུག་ཆའི་མཚམས་སུ་གནས་པའི་རུའེ་ཁྲེང་རྫོང་དུ་གནའ་ཉམས་དོད་ལ་སྒམ་ནན་ཆེ་བའི་ཡོན་རྒྱལ་རབས་ཡུང་ལོ་ཕོ་བྲང་གི་ལྡེབས་རིས་ཡོད། ཡུལ་སྐོར་བྱ་ཡུལ་ཕྲེང་བ་སྟར་ལ་བརྒྱུས་པ་ལྟར་ལམ་རྒྱུད་གཅིག་ཏུ་བཟོས་པ་དེས་ཡུལ་སྐོར་བའི་སྐྱིད་སྣང་རྒྱུན་མཐུད་ཟབ་ཏུ་ཕྱིན་ཞིང་། ཉེ་བའི་ལོ་གཉིས་རིང་རུའེ་ཁྲེང་རྫོང་ལ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཡོད།
ཡུང་ལོ་ཕོ་བྲང་དང་ཐག་མི་རུང་བའི་སར་གནས་པའི་ཀོང་རེན་ཀླུ་ཁང་ནི་རྒྱལ་ཡོངས་སུ་ད་ཆ་ཧ་ཅང་མཐོང་དཀོན་པའི་ཐང་རྒྱལ་རབས་ཀྱི་ཤིང་ཆའི་བཟོ་བཀོད་ཀྱི་གྲས་ཤིག་ཡིན་པས། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཆེད་མངགས་རླངས་འཁོར་བཏང་ནས་འདི་གར་ཆེད་ལས་ཀྱི་འགྲེལ་བཤད་ཉན་ཏེ་དུས་ཡུན་རིང་བའི་ལོ་རྒྱུས་ཉམས་སུ་མྱོང་གི་ཡོད།
རུའེ་ཁྲེང་གི་ཏ་ཡུས་གྲུ་ཁར། ཆུ་བོ་ཆེན་པོ་ལང་ལོང་དུ་རྒྱུག་ཅིང་ལ་ཁའི་ཉི་མའི་འོད་ཟེར་ཆུ་ངོས་སུ་འཕྲོས་ནས་སེར་མདངས་འཕྲོ། གྲུ་ཁའི་འགྲམ་གྱི་ཞེ་ཕྲེང་སྤྲོ་གསེང་ཞིང་རར་ཡུལ་སྐོར་བ་མང་པོས་སྒེར་འཁོར་བཏང་ནས་ཞག་སྡོད་བྱེད་པར་ཡོང་བས་ན། ཁང་པ་ཧ་ཅང་མངགས་དཀའ་བ་དང་། ཞིང་དུད་སྤྲོ་སྐྱིད་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག
ད་ཐེངས་གསར་འགོད་པ་འགྲོ་ས་མཐའ་མ་དེ་ནི་ཡུང་ཅི་གྲོང་ཁྱེར་ཀོན་ཆུའེ་ཐོག་ཁང་ཡིན་ཞིང་། འདི་གར“མཉམ་སྤྱོད”ཅེས་པའི་ཐ་སྙད་འདིར་རྒྱུས་མངའ་ཟབ་མོ་ལོན་བྱུང་།
ཐོག་ཁར་འཛེགས་ནས་རྒྱང་ལ་བལྟས་ཙ་ན། དྲག་ཏུ་རྒྱུག་པའི་རྨ་ཆུ་མཐོང་ལ། རྒྱང་རིང་གི་ཧྭ་ཧྲན་རི་བོའང་གསལ་པོར་མངོན། ཡུལ་སྐོར་བ་མང་པོ་འདི་གར་ཡོང་དོན་ནི་སྙན་ཚིག“ལེ་དབར་སྟོང་གི་བཀོད་པར་ལྟ་འདོད་ན། ད་དུང་ཐོག་བརྩེགས་གོང་མར་འཛེགས་པར་འོས”ཞེས་པ་ཉམས་ལེན་འདོད་པ་ཅི་ལ་མིན།
ཡུན་ཅི་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཧུང་རུང་གིས། “གུང་གསེང་རིང་ཡུལ་སྐོར་བ་མང་ཆེ་བ་ཡུལ་སྐོར་གཞུང་ལམ་ནས་སྒེར་འཁོར་བཏང་སྟེ་ཡོང་བས་རླངས་འཁོར་འཇོག་ས་དཀོན་པའི་དཀའ་གནད་འཕྲད་ཡོད། དེར་བརྟེན་ང་ཚོས་ཏང་སྲིད་ལས་ཁུངས་ཀྱི་སྒོ་རའི་སྒོ་ཕྱེ་ནས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བར་བསུ་བ་ཞུས་པ་ཡིན”ཞེས་ངོ་སྤྲོད་བྱས།
ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བདེ་བས་གཞུང་ལམ་དུ་སྒེར་འཁོར་བཏང་ནས་ཡོང་བ་དང་རྫོང་ཁོངས་ཞིབ་པར་སྐོར་བའི་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་ཏེ་རྫོང་ཁོངས་ཡུལ་སྐོར་གྱི་རིག་གནས་དང་ཡུལ་སྐོར་མིང་བྱང་གི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ་མ་ཟད། རྫོང་ཁོངས་རིག་གནས་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པའང་འཕེལ་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།