ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་ཞབས་ཞུའི་མནའ་འབྲེལ་ཐོག་མ་ལྷོ་ཁར་བཙུགས་པ།
ཚན་ཞིབ་ཁ་གསབ་མཐོ་ཤོས་སྒོར་ཁྲི་260དང་མི་སྒེར་གྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་288ཟིན་པའི་ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་ཞབས་ཞུའི་མནའ་འབྲེལ་ཐོག་མ་བཙུགས་པ་སྟེ། 2026ལོར“ལྷོ་ཁའི་ཤེས་ལྡན་པའི་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཤེས་ལྡན་པའི་སྲིད་ཇུས་རབ་དང་རིམ་པ་གཅིག་སྡུད་ཐོག་བཏོན་པ་རེད།
རང་སྐྱོང་ལྗོངས་ཀྱི་ངོས་ནས《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་བ་དང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་ནང་འདྲེན་བྱ་ཐབས》ཀྱི་ནང་ཤེས་ལྡན་པ་Aདང་། B C Dབཅས་རིགས་བཞིར་དབྱེ་བ་དང་། Aརིགས་ཀྱི་ཤེས་ལྡན་པའི་ཚན་ཞིབ་ཁ་གསབ་ཀྱི་རྨང་གཞིའི་ཚད་གཞི་སྒོར་ཁྲི་200ཡིན་པ་དང་། འདིའི་རྨང་གཞིའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས་Aརིགས་ལ་ཚན་ཞིབ་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་260དང་། Bརིགས་ལ་སྒོར་ཁྲི་140 Cརིགས་ལ་སྒོར་ཁྲི་80བཅས་བར་མཐོ་རུ་བཏང་བ་དང་འབྲེལ། དེའི་གཤམ་འོག་ཏུ་Dརིགས་དང་Eརིགས་གཉིས་མང་དུ་བཏང་ནས་སྒོར་ཁྲི་30དང་སྒོར་ཁྲི་10སོགས་ཀྱི་ཁ་གསབ་མི་འདྲ་བ་སྤྲད་ནས་ཤེས་ལྡན་པ་རིགས་དྲུག་ཚང་མར་ཁྱབ་པའི་ཁ་གསབ་མ་ལག་ཅིག་ཆགས་ཡོད་པ་རེད། མི་སྒེར་གྱི་ཁ་གསབ་ཐད། ལྷོ་ཁས་ས་མཐོའི་ཁུལ་གྱི་རིགས་དབྱེ་མི་འདྲ་བར་གཞིགས་ནས་བཀོད་སྒྲིག་བྱས་པ་དང་། རིགས་བཞི་ཁུལ་གྱི་Aརིགས་ཤེས་ལྡན་པ་ལས་སྒྱུར་བྱས་པའམ་ཡང་ན་གསར་གཏོད་ལས་གཏོད་ཀྱི་བྱེད་ཐབས་བརྒྱུད་ནང་འདྲེན་བྱས་པར་མཐོ་ཤོས་ལ་སྒོར་ཁྲི་288རག་གི་ཡོད་ཅིང་། སྟབས་བསྟུན་ནང་འདྲེན་ཡིན་རུང་Aརིགས་ཀྱི་ཤེས་ལྡན་པས་ལོ་ལྟར་ལྷོ་ཁར་ལས་ཀ་ཟླ་བ་གཉིས་ཡན་བྱས་ཚེ་ས་ཁོངས་ཀྱི་རིགས་དབྱེ་གཞིར་བཟུང་སྒོར་ཁྲི་36ནས་ཁྲི་41བར་ཁ་གསབ་ཀྱི་ཚད་གཞི་མི་འདྲ་བ་ལེན་ཆོག གཞན་ཡང་། ལྷོ་ཁས་རྒྱུགས་བསྡུ་ནང་འདྲེན་བྱས་པའི་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པར་སློབ་རྒྱུས་དང་སློབ་གླིང་གི་རིམ་པ་གཞིར་བཟུང་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི་5ནས་ཁྲི་31བར་སྤྲོད་རྒྱུ་དང་། ཤེས་ལྡན་པའི་ཚོགས་པའི་སྣེ་ཁྲིད་པར་རིགས་དབྱེ་ལྟར་སྤྲོད་ཐེངས་གཅིག་ལ་ཁ་གསབ་མཐོ་ཤོས་སྒོར་ཁྲི་35སྤྲོད་རྒྱུ་རེད། ཞིབ་ཕྲའི་ཚད་གཞི་འདི་དག་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་ཚད་གཞིའི་ཐོག་སྤར་ཡོད་པ་རེད།
མ་དངུལ་གཏོང་ཤུགས་ཕུད་ད་དུང་ལྷོ་ཁའི་ལམ་ལུགས་གསར་གཏོད་ཐད་དེ་བས་དོ་ཁུར་བྱེད་འོས་པ་ཞིག་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི“ཤེས་ལྡན་པའི་ཞབས་ཞུའི་མནའ་འབྲེལ”ཐོག་མ་དེ་བཙུགས་ནས་ཁག་དང་པོར་སྤུས་ལེགས་ཚོང་དུད་30ལྷག་ཙམ་བསྡུས་པའི་ནང་བཟའ་བཏུང་དང་། ཞག་སྡོད། སྒོ་རྩིས་ཚོང་ཁང་། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། “ཡར་ཀླུང་ཤེས་ལྡན་པའི་གཱ”དུས་གཅིག་ཏུ་ཐོག་མར་སྤྲད་པ་དང་ཁག་དང་པོའི་ཤེས་ལྡན་པ་119ཡིས་གཱ་ཁྱེར་ནས་མནའ་འབྲེལ་ཚོང་དུད་དུ་རིན་གོང་ཁེ་པོ་དང་སྲིད་འཛིན་གྱི་སྟབས་བདེ་ལོངས་སུ་སྤྱོད་ཆོག་གི་ཡོད། ལས་སྟེགས་སྐྲུན་པའི་ཐད། ལྷོ་ཁས་ས་གནས་སྲིད་གཞུང་དང་། བོད་སྐྱོར་ལས་དོན་རུ་ཁག མཐོ་སློབ་བཅས་ཕྱོགས་གསུམ་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་བཙུགས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་ཞིབ་སྟོབས་ཤུགས་དང་མཉམ་དུ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་སུ་འཚམ་པའི་རྣམ་གྲངས་ཁག་གཅིག་སྐྱོང་གསོ་བྱེད་ཀྱི་ཡོད། ས་ཡུལ་དངོས་སུ“སྣེ་ཁྲིད་ཤེས་ལྡན་པ”ཁག་དང་པོའི་ལས་དོན་ཁང་5ལ་སྒོ་བྱང་སྤྲད་པའི་ནང་ཚན་རྩལ་གསར་གཏོད་དང་། རྩལ་ནུས་ལག་རྩལ། སློབ་གསོ་སློབ་ཁྲིད། འཕྲོད་བསྟེན་བདེ་ཐང་བཅས་ཀྱི་ཁྱབ་ཁོངས་ཚུད་དེ་ལས་སྟེགས་ཀྱི་རུབ་འདུས་ནུས་འབྲས་ལ་བརྟེན་ནས་ས་གནས་དེ་གའི་རྐང་འཛིན་པ་གསོ་སྐྱོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།