ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་རྒྱལ་སྟོན་གུང་གསེང་རིང་འགྲུལ་པ་མི་ཐེངས་ཁྲི་10.09སྐྱེལ་འདྲེན་བྱས་པ།
གསར་འགོད་པར་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ནས་ཚེས་7ཉིན་བར། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་10.09སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་1.8མང་དུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གུང་གསེང་རིང་། གཉེན་འཕྲད་དང་ཡུལ་སྐོར་བྱེད་མཁན་མང་བ་དང་། ལམ་ཐག་རིང་བ་དང་ཐུང་བའི་ཕྱིར་སྐྱོད་བྱེད་མཁན་མང་བ། ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་དོ་དམ་བྱེད་ཁོངས་ཀྱི་འབབ་ཚུགས་དང་ས་ཚིགས་ཁག་གི་འགྲུལ་རྒྱུན་རྒྱུན་མཐུད་མང་དུ་ཕྱིན་པ་བཅས་ལས་འགྲུལ་པའི་བསྡོམས་འབོར་མང་བ་དང་། གུང་གསེང་གི་ཉིན་དང་པོ་དང་ཉིན་མཐའ་མར་མི་འབོར་མང་བ། “གུང་གསེང་གི་ཉིན་དང་པོ་དང་མཐའ་མར་ཐག་རིང་དུ་སྐྱོད་མཁན་མང་བ་དང་བར་དུ་ལམ་ཐག་འབྲིང་ཐུང་གི་འགྲུལ་པ་མང་བ”བཅས་ཀྱི་ཁྱད་ཆོས་མངོན་ཡོད།
གུང་གསེང་རིང་། འགྲུལ་པ་བདེ་འཇགས་དང་བདེ་བླག་ངང་ཕྱིར་སྐྱོད་ཐུབ་ཆེད། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་རྒྱུན་གྱི་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། སྐྱེལ་འདྲེན་བྱེད་ཤུགས་བཀོད་སྒྲིག་ལེགས་སུ་བཏང་བ། འགྲུལ་པ་མང་ཤོས་ཀྱི་འཁོར་སྐྱོད་རེའུ་མིག་ལག་བསྟར་བཅས་བྱས་ནས“ཉིན་རེར་རེའུ་མིག་རེ”གནད་སྨིན་ངང་བཀོད་སྒྲིག་བྱས་ཡོད། ཟི་ལིང་དང་། གཞིས་རྩེ། ཉིང་ཁྲི་སོགས་ཕྱིར་སྐྱོད་མང་བའི་ས་ཆར་སྐབས་འཕྲལ་གྱི་མེ་འཁོར་དང་འཁོར་སྒྲོམ་མང་དུ་བཏང་བ་སོགས་ཀྱི་བྱ་ཐབས་བརྒྱུད་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་རྒྱུན་གྱི་གནོན་ཤུགས་ནུས་ལྡན་ངང་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།