ཁེར་ཀྲུང་དབར་གྱི་ཡུན་རིང་ཁྱིམ་མཚེས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

དབྱི་སི་མེར་·ཏ་དབྱི་ལུའོ་ཧྥུའུ།
ཁེར་ཀྲུང་དབར་གྱི་ཡུན་རིང་བརྟན་ལྷིང་གི་ཁྱིམ་མཚེས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོད།
ཀྲུང་གོའི་གནའ་དཔེར“ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ”ཞེས་པ་ལྟར། ཁེར་གྷི་སི་ཐན་དང་ཀྲུང་གོ་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་མཉམ་ལས་ཀྱི་སྲོལ་རྒྱུན་ཡུན་རིང་ལྡན་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་འགྱུར་ལྡོག་ཆེ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཐད་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད། འཛམ་གླིང་གི་འགྱུར་ལྡོག་ཆེན་པོའི་འོག ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། མི་རིང་བའི་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་ཐུན་མོང་ཐོག་མཚན་རྟགས་བཀོད་དེ་བཅའ་ཁྲིམས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཁེར་ཀྲུང་དབར་གྱི་ཡུན་རིང་བརྟན་ལྷིང་གི་ཁྱིམ་མཚེས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོད།
ཡུན་རིང་ཁྱིམ་མཚེས་ཀྱི་མཛའ་མཐུན་ཡོང་བར་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་དགོས། དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཕན་ཚུན་འབྲེལ་མཐུད་ནི་ཁེར་ཀྲུང་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མིག་སྔར་ཀྲུང་ཁེར་ཨུ་ཡི་ལྕགས་ལམ་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དེས། ཁེར་གྷི་སི་ཐན་གྱི་ས་མཚམས་སྒྲོལ་བའི་སྐྱེལ་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་པ་དང་ས་ཁོངས་ཕན་ཚུན་འབྲེལ་མཐུད་ཀྱི་ཆ་རྐྱེན་ལེགས་སུ་བཏང་སྟེ་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད། རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་ཐད་མདུན་ལམ་ཡངས་པོ་གཅིག་མཚུངས་ལྡན་ཞིང་། དུས་ཡུན་རིང་པོའི་ནང་སྐྱེ་ཁམས་དང་གནམ་གཤིས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་མཁས་དབང་ཞིག་ཡིན་པའི་ངས་ཀྲུང་གོས་བཏོན་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འདུ་ཤེས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། གནམ་གཤིས་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་ཀྲུང་གོས་གསོག་འཇོག་བྱས་པའི་འདུ་ཤེས་དང་། རྩ་དོན། ལག་ལེན་བཅས་ལ་ཡུན་རིང་དོ་ཁུར་ཡང་བྱེད་ཀྱི་ཡོད། སྐྱེ་ཁམས་ཁོར་ཡུག་གི་འགྲན་སློང་ལ་རྒྱལ་མཚམས་མེད་ཅིང་། རྒྱལ་ཁབ་གང་ཞིག་ཡིན་རུང་གཅིག་པུར་ཁ་གཏད་འཇལ་ཐབས་མེད། ཁེར་གྷི་སི་ཐན་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཆུ་གློག་དང་། ཉི་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ལྗང་མདོག་མཉམ་ལས་བརྒྱུད། ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འདུ་ཤེས་དང་ལག་ལེན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་བྱས་ཚེ་ཁེར་གྷི་སི་ཐན་གྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཐུན་རྐྱེན་ནུས་ལྡན་སྦྱོར་ཐུབ།
ཁེར་ཀྲུང་མཉམ་ལས་དེ་བས་སྤུས་འདེགས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་འཕེལ་རྒྱས་ཐད་ཀྱི་བློ་སྒོ་གལ་ཆེན་ཞིག་ནི་ཡུན་རིང་གི་འཐབ་ཇུས་འཆར་འགོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཕུགས་ཀྱི་འཕེལ་རྒྱས་དམིགས་ཚད་དེ་དུས་མཚམས་རང་བཞིན་གྱི་ལས་འགན་དང་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་འབྲེལ། རྨང་གཞིའི་སྒྲིག་བཀོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་པར་སྣང་ཆེན་བྱས་ཏེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཐོན་ལས། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་བཅས་ཕན་ཚུན་སྦྲེལ་མཐུད་བྱས་པ་བརྒྱུད་ཐོན་ལས་འཕེལ་རྒྱས་ལ་ཆ་རྐྱེན་གཏོད་རྒྱུ་དེ་རེད། ཁེར་གྷི་སི་ཐན་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་སྐབས་ཁེར་གྷི་སི་ཐན་རང་ངོས་ཀྱི་རྒྱལ་བབ་དང་། ཐོན་ཁུངས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་ཆ་རྐྱེན་བཅས་ལ་གཞི་ཚུགས་དགོས། རྒྱུན་རྣམ་ཅན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བརྒྱུད་འཐབ་ཇུས་འཆར་འགོད་དང་། འཕེལ་རྒྱས་རྣམ་གྲངས་ལག་བསྟར། རྣམ་གྲངས་ཀྱི་བྱས་འབྲས་དཔྱད་དཔོག ཤེས་ལྡན་པ་གསོ་སྐྱོང་བཅས་དང་། དེ་བཞིན་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ལ་དམིགས་ནས་འབྲེལ་གཏུག་མཉམ་ལས་གཏིང་ཟབ་བྱས་ཚེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་རྣམ་གྲངས་འཛུགས་སྐྲུན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་དང་། བཅོས་སྐྱོང་གི་ཉམས་མྱོང་། འཐབ་ཇུས་འཆར་འགོད་བཅས་སུ་རིམ་སྤོར་གྱིས་ཡུན་རིང་སྤེལ་རེས་ལ་སྐུལ་འདེད་བཏང་ན་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དེ་བས་ལེགས་པ་ཡོང་ཐུབ།
ཡུན་རིང་ཁྱིམ་མཚེས་ཀྱི་མཛའ་མཐུན་འབྲེལ་བར་དངོས་སྒྲུབ་མཉམ་ལས་བརྒྱུད་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ལ། མི་རབས་ནས་མི་རབས་བར་ཐུན་མོང་ཐོག་སྲུང་སྐྱོང་ཡང་དེ་བས་བྱེད་དགོས། ཡུན་རིང་ཁྱིམ་མཚེས་ཀྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཁེར་ཀྲུང་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་འཕེལ་རྒྱས་དང་། མཉམ་སྦྲེལ་མཉམ་མཐུད། ཐོན་ལས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དངོས་དེ་བས་མང་བ་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།