ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་ལྕག་སྐུལ་བྱས་པ།
ཚེས་5ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་སུན་ལེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དཔལ་འབྱོར་དང་དངུལ་རྩ་ཨུ་ལྷན་གཉིས་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གཏམ་བཤད་སྤེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་ལྕག་སྐུལ་བྱས་པ་རེད།
ཁོང་གིས། མིག་སྔར་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་རྗེས་ལུས་ཚབས་ཆེན་ཐེབས་པ་དང་། ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་ཐོན་ཁུངས་མི་འདང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆུང་དུ་ཕྱིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། གོ་ལ་ཧྲིལ་པོས་ཡང་བསྐྱར་འཕེལ་རྒྱས་གཏོང་བའི་བྱ་གཞག་ལ་སྒུལ་ནུས་གསར་པ་སྣོན་དགོས་ཞེས་བརྗོད་ཅིང་། ཁོང་གིས་འདིའི་ཐད་ལྟ་ཚུལ་ཁག་བཞི་བཏོན་པ་སྟེ།
གཅིག་ནས་འཐབ་ཇུས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ནས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་གཙོ་བོར་བཞག་སྟེ། 2030ལོའི་གྲོས་རིམ་གྱི་ལས་འགན་དམིགས་ཚད་དེ་རྒྱལ་ཁབ་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་དུས་ཡུན་རིང་འབྲིང་གི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་འཕེལ་རྒྱས་སྒྲིག་གཞི་ཁག་གིས་སྤུས་འབྲས་ལེགས་གཉེར་ཡོང་བར་བྱེད་པ་དང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཏེ། ཡུན་རིང་བརྟན་ལྷིང་གི་ལག་བསྟར་དང་ལྟ་སྐུལ་དཔྱད་དཔོག་ལམ་སྲོལ་བཟོ་དགོས།
གཉིས་ནས་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་བསློགས་ཏེ་དབུལ་ཕོངས་ཉུང་གཏོང་དང་། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་སོགས་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་རྒྱུ་སོགས་གསར་དར་ཁྱབ་ཁོངས་ཀྱིས་མི་རྩ་བར་འཛིན་པ་དང་ཡར་ཐོན་དགེ་བརྩོན་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་འཛམ་གླིང་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་གྲངས་འཛིན་དང་རིག་ནུས་ཀྱི་ཧེ་བག་ཆུང་དུ་གཏོང་ཆེད་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ཧུར་ཐག་ཞུགས་ནས་རིག་ནུས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
གསུམ་ནས་དངོས་སྒྲུབ་མཉམ་ལས་དང་བྱ་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དཀའ་བར་མ་འཛེམས་པར་མདུན་དུ་བསྐྱོད་དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་དང་འགག་རྩའི་གནད་དོན་ཐག་གཅོད་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཐད་ཀྱི་མ་དངུལ་གྲབས་གསོག་དང་གནམ་གཤིས་ཐད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁས་ལེན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་དགོས། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་ཐུབ་པར་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དུས་བསྟུན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
བཞི་ནས་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་དགོས། “འབྲེལ་རྒྱུན་གཅོད་པ”དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།