དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མའོ་ཝུའུ་སུའུ་བྱེ་ས“སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་མའོ་ཝུའུ་སུའུ”དང“ནོར་སར”གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱིན་ཡུས་ཀྲེན།   |     སྤེལ་དུས།  2026-10-09

    དབྱིན་ཡུས་ཀྲེན(གཡས)གྱིས་སའེ་ཁའོ་སི་དང་མཉམ་དུ་མའོ་ཝུའུ་སུར་མཛའ་གྲོགས་མཚོན་པའི་ཐང་ཤིང་འདེབས་བཞིན་པ།

    ཉིན་འགའི་སྔོན་དུ་ང་དང་ངའི་ཨ་རིའི་གྲོགས་པོ་སའེ་ཁའོ་སི་གཉིས་མའོ་ཝུའུ་སུའུ་བྱེ་སར་བསྐྱར་དུ་འཛོམས་པའི་དོན་དེར་འཛམ་གླིང་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱས་པ་མ་ཟད། མི་མང་པོར་སེམས་འགུལ་ཚད་མེད་ཐེབས་ཡོད་པ་རེད།

    དུས་ཚོད་ནི་ཆུ་མོ་བཞིན་འགྲོ་མགྱོགས་པ་ལ་ཨང་། མིག་ཡུད་ཙམ་ཞིག་ནང་ངས་བྱེ་བཅོས་ལས་ཀ་བྱས་ནས་ལོ་40ལྷག་ཙམ་སོང་འདུག 1985ལོར་ང་རང་ནང་སོག་ཝུའུ་ཧྲེན་ཆི་ཝུའུ་ཏིང་ཧོ་གྲོང་རྡལ་ས་ལ་ཝུའུ་སུའུ་གྲོང་ཚོར་མནའ་མར་ཡོང་བ་ཡིན། སྐབས་དེ་དུས་འདི་ག་ནི་བྱེ་ཐང་ཆེན་པོ་ཞིག་ཡིན་པས་ཟླ་བ་ཁ་ཤས་བྱེ་རླུང་ལྡང་ནས་མདུན་དུ་ཡོང་མཁན་གྱི་མིའི་བཟོ་ལྟའང་གསལ་པོ་མཐོང་གི་མི་འདུག སྐབས་དེ་དུས་ངས་དཀའ་ངལ་ག་ཚོད་འཕྲད་རུང་ངེས་པར་དུ་དེ་གར་ལྗོན་ཤིང་འདེབས་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།

    བྱེ་ཐང་དུ་ལྗོན་ཤིང་འདེབས་དགོས་ཚེ་དཀའ་ངལ་ཆེན་པོ་ཡོད་པ་སྨྲོས་མེད་རེད། ས་རྒྱུ་ཡག་པོ་མེད་པའི་ཁར་ཆུ་དཀོན་པ་དང་རླུང་འཚུབ་དྲག་པོ་ཡང་ཡང་ལྡང་གི་ཡོད། དགུན་ཁ་ང་དང་བཟའ་ཟླས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་སུམ་ཅུའི་གྲང་རླུང་ཁྱད་བསད་བྱས་ཏེ་འཁྱགས་ས་བསྔོགས་དགོས་པས་ལག་གཉིས་ཀ་འཁྱགས་སྦོས་ཐེབས་པ་མ་ཟད། རྨ་ཡང་ཆགས་ནས་ཁྲག་དོན་གྱི་འདུག དབྱར་ཁ་ས་ངོས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་60ལྷག་ཙམ་ཟིན་རུང་ངས་རྒྱ་མ་བརྒྱ་ལྷག་ཙམ་ཡོད་པའི་སྡོང་ཕྲུག་ཁུར་ནས་བྱེ་རིར་སྐྱོད་སྐབས་བྱེ་རླུང་དྲག་པོ་ལྡང་ནས་བྱེ་ལྡེབས་སུ་འགྱེལ་བྱུང་། ལྟོགས་སྐབས་རང་སར་བསྡད་དེ་མོག་མོག་སྐམ་པོ་གཉིས་ཀྱིས་གྲོད་པ་རྒྱགས་ཐབས་བྱས་པ་དང་། ཐང་ཆད་སྐབས་བྱེ་རིར་ཉལ་ནས་ངལ་གསོ་ཐབས་བྱས་པ་ཡིན།

    དཀའ་ལས་བརྒྱབ་པ་ཙམ་གྱིས་ག་ལ་འགྲིག ད་དུང་ཚན་རིག་དང་མཐུན་པའི་ངང་ལྗོན་ཤིང་འདེབས་དགོས། ངས་ཐོག་མར་བཏབ་པའི་ལྗོན་ཤིང་གསོན་ཁག་པོ་འདུག འོན་ཀྱང་ངའི་བསམ་པར་ལྗོན་ཤིང་རྐང་གཅིག་ལས་གསོན་མེད་རུང་དེར་རེ་བ་ཡོད་པ་མཚོན་པས་རྗེས་སུ་རྐང་བཅུ་དང་ཐ་ན་རྐང་བརྒྱ་གསོན་ཐུབ་ཀྱི་རེད་སྙམ་གྱི་འདུག

    ལྗོན་ཤིང་སྔར་བས་མང་བ་གསོན་ཐུབ་སོང་བས་ལྗོན་ཤིང་འདེབས་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང་། ལོ་40ལྷག་ཙམ་རིང་ང་དང་ནང་མིས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་7ལྷག་ཙམ་བྱས་པ་དང་ལྗོན་ཤིང་རྐང་ཁྲི་200ལྷག་ཙམ་བཏབ་ཡོད། སྔོན་ཆད་ངས་མའོ་ཝུའུ་སུའུ་ཡི་བྱེ་མར་འཁང་ར་བྱེད་མྱོང་ཡོད། ད་ལྟ་བྱེ་ས་དེ་ལས་ལྗོན་ཤིང་ཡག་པོ་འཚར་ནས་ང་རང་ཤིང་ནགས་ཁྲོད་དུ་སྐྱོད་རིམ་ལྗོན་ཤིང་དེ་དག་མཐོང་སྐབས་སེམས་ནང་དགའ་ལྷང་ལྷང་ཞིག་ཡོང་གི་འདུག

    ཐོག་མར་མཐའ་འཁོར་གྱི་ཡུལ་མི་ཚོས་བྱེ་སར་ལྗོན་ཤིང་འདེབས་ཐུབ་པར་ཡིད་ཆེས་བྱེད་ཀྱི་མེད། རྗེས་སུ་ངས་འཚོལ་ཞིབ་བྱས་པའི་བྱེ་འཇགས་ཤིང་འཛུགས་བྱ་ཐབས་ཁོང་ཚོར་བསླབས་པ་མ་ཟད། ད་དུང་ཚང་མ་དང་མཉམ་དུ་བྱེ་སར་གླ་ཚེར་དང་ལྕང་མ་འདེབས་པ་དང་བྱེ་མའི་ཐོན་ལས་གཉེར་བ་ཡིན། “བྱང་གསུམ”འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང་སྦྲགས་ཏང་ཨུད་ཀྱིས་འགོ་ཁྲིད་དང་སྲིད་གཞུང་གིས་གཙོ་ཁྲིད་བྱས་ཏེ་ཚང་མས་མཉམ་དུ་ནུས་ཤུགས་ཡོད་ཚད་བཏོན་ནས་མའོ་ཝུའུ་སུའུ་བྱེ་སར་ལྗོན་ཤིང་འདེབས་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད། མཐའ་འཁོར་གྱི་ནགས་བཟོ་དུད་ཆེན་བརྒྱ་ལྷག་ཙམ་གྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་མའོ་ཝུའུ་སུའུ་དེ“སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་མའོ་སུའུ་ཝུའུ”རུ་འགྱུར་བར་བྱས་ཡོད། ད་ལྟ་ང་ཚོའི་ཝུའུ་ཧྲེན་ཆི་ཡི་མའོ་ཝུའུ་སུའུ་བྱེ་ས་བཅོས་སྐྱོང་བྱེད་ཚད་85%ཡན་ཟིན་ཡོད།

    ལོ་དེ་དག་ནང་། ལྗོན་ཤིང་འཚར་བ་མ་ཟད་ས་རྒྱུ་ཡང་གཤིན་པོར་གྱུར་ནས་བྱེ་སའི་ནང་གི་ལོ་ཏོག་ཀྱང་སྨིན་ཞིང་། 2000ལོར་སའེ་ཁའོ་སི་འདི་གར་ཡོང་སྐབས་ངའི་ནང་གི་ཆ་རྐྱེན་སྐྱོ་བས་ཁོང་ལ་ཐུག་པ་སྟབས་བདེ་ཞིག་ལས་བྱུང་མ་སོང་། ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་སོང་བས་ད་ཐེངས་ངས་བྱེ་སའི་ནང་གི་གྲོ་མ་དང་། ཤིས་ཀྭ ནན་ཀྭ ཀ་པེད། རྔ་མོང་བྱའི་སྒོ་ང་བཅས་ཐོན་རྫས་ལ་བརྟེན་ནས་སྣེ་ལེན་ཞུས་པ་ཡིན། ང་ཚོའི་མའོ་ཝུའུ་སུའུ་ད་ཆ“སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་མའོ་ཝུའུ་སུའུ”ལ་གྱུར་པ་མ་ཟད། ཡོང་འབབ་གསོག་པའི“ནོར་སར”ཡང་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།