འོད་ཤུགས་གློག་ཁང་ཞིག་གིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་ལྗང་མདོག་མཉམ་ལས་ལ་དཔང་པོ་བྱས་པ།
ཞོགས་པའི་ཉི་འོད་གྲལ་སྟར་སྒྲིག་པའི་འོད་ཤུགས་ཤེལ་ལེབ་ཐོག་འཕྲོས་མ་ཐག ཁོ་ལོམ་པི་ཡའི་གློག་ཤུགས་བཟོ་བཀོད་པ་ཧའེ་མེ·མོང་ཐ་ཉི་ཨའོ་འོད་ཤུགས་གློག་ཁང་དུ་ཡོང་ནས་ཉིན་གཅིག་གི་ལས་ཀ་འགོ་བཙུགས་ཤིང་། ལྡོག་འགྱུར་སྒྲིག་ཆས་ལ་ཞིབ་བཤེར་དང་། འཁོར་སྐྱོད་གྲངས་གཞིར་ལྟ་ཞིབ། སྒྲིག་ཆས་རྒྱུན་གཏན་ཡིན་མིན་བཅས་ལ་གྲལ་བཤེར་བྱེད་འགོ་ཚུགས། ལོ་གཉིས་ལྷག་གི་གོང་ཁོང་གིས་འོད་ཤུགས་གློག་ཁང་ལ་རྒྱུས་མངའ་གཏན་ནས་མེད་ཀྱང་ད་ཆ་ཁོང་གིས་རང་རྐྱ་འཕེར་པོས་གཉེར་སྐྱོང་ཉམས་བཟོའི་ལས་ཀ་མང་པོ་བྱེད་ཐུབ་ཀྱི་ཡོད། མོང་ཐ་ཉི་ཨའོ་ཡིས“ཀྲུང་གོའི་ལས་རོགས་ཀྱིས་ང་ལ་ལག་རྩལ་མང་པོ་བསླབས་བྱུང”ཞེས་བརྗོད།
མི་རིང་བའི་གོང་། མོང་ཐ་ཉི་ཨའོ་ཡིས་འཛུགས་སྐྲུན་དང་གཉེར་སྐྱོང་ཉམས་བཟོའི་ནང་ཞུགས་པའི་ཕར་སྨི་ལཱ་འོད་ཤུགས་གློག་ཁང་ཨང་3པ་དངོས་སུ་རྩིས་སྤྲོད་རྩིས་ལེན་ཟིན་ཡོད། གློག་ཁང་དེ་ཁོ་ལོམ་པི་ཡའི་ནུབ་རྒྱུད་ཀྱི་ཁའོ་ཁ་ཧྲན་ཀུའུ་ཞིང་ཆེན་ཕར་སྨི་ལཱ་གྲོང་ཁྱེར་དུ་གནས་ཤིང་། ཞིང་ཆེན་དེའི་ལྟེ་བའི་གྲོང་ཁྱེར་ཁ་ལི་དང་བར་ཐག་སྤྱི་ལེ་27ཆོད་ཡོད་པ་རེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་གློག་ཁང་གི་ཇུས་འགོད་དང་། སྒྲིག་ཆས་མཁོ་འདོན། ཨར་ལས་སྒྲིག་སྦྱོར། སྙོམས་སྒྲིག་ཚོད་ལྟ་བཅས་ཀྱི་ལས་དོན་སྒྲུབ་འགན་ཁུར་བ་དང་། དེ་ནི་ཀུང་སི་དེས་ཁོ་ལོམ་པི་ཡར་ལེགས་གྲུབ་བྱས་པའི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཐོག་མ་དེ་རེད། མཐའ་མའི་རྩིས་སྤྲོད་རྩིས་ལེན་བར་དུ་རིམ་རྩིས་བརྒྱབ་ན་གློག་ཁང་གིས་ལྗང་མདོག་གློག་ཤུགས་ཆུ་ཚོད་ཆན་ཝ་ཁྲི་4000ཙམ་བཏང་བ་དེ་ནི་ས་གནས་དེ་གའི་དུད་ཚང་ཁྲི་1ཙམ་གྱི་ལོ་གཉིས་ཀྱི་གློག་སྤྱོད་ཚད་དང་མཚུངས་པ་དང་། རིམ་རྩིས་བརྒྱབ་ན་དབྱང་གཉིས་ཐཱན་རྫས་འབུད་ཚད་ཏུན་ཁྲི་2ཙམ་ཉུང་དུ་ཕྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཁོ་ལོམ་པི་ཡས་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བས་འོད་ཤུགས་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། ཕར་སྨི་ལཱའི་འོད་ཤུགས་གློག་ཁང་ཨང་3པ་འཛུགས་སྐྲུན་འཁོར་སྐྱོད་བྱས་པ་དེ་ཀྲུང་གོ་དང་ཁོ་ལོམ་པི་ཡ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
ཕར་སྨི་ལཱའི་འོད་ཤུགས་གློག་ཁང་ཨང་3པའི་རྣམ་གྲངས་ཚོགས་པས“ལས་མི་བསྡུ་སྐབས་གཟིགས་སྐྱོང་དང་། གཙོ་གནད་ཐོག་གསོ་སྐྱོང་། ཐུན་མོང་ཐོག་འཚར་ལོངས་ཡོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ས་གནས་དེ་གའི་དོ་དམ་མི་སྣ་དང་། ལས་གྲྭའི་ལག་རྩལ་མི་སྣ། ཨར་ལས་མི་སྣ་བཅས་ཧུར་ཐག་བསྡུས་པ་མ་ཟད། དགེ་སློབ་ཀྱི་རོགས་ཁྲིད་དང་། ལས་ཐོག་གསོ་སྦྱོང་། ས་གནས་ས་ཐོག་གི་དངོས་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་དེ་གའི་ལས་མི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་རིང་ཉམས་མྱོང་གསོག་ཐུབ་པར་བྱས་པ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་མང་བའི་དུས་སུ་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་160ཙམ་མཁོ་འདོན་བྱས་པའི་ནང་ས་གནས་དེ་གའི་ལས་མིས་97%བཟུང་ཡོད། རྣམ་གྲངས་དེས་ས་གནས་དེ་གའི་ཁྱིམ་ཚང་100ལྷག་ཙམ་ལས་ཞུགས་བརྟན་པོ་ཐུབ་པར་ཐད་ཀར་རོགས་རམ་བྱས་པ་མ་ཟད། རྗེས་མཐུད་རྣམ་གྲངས་ལ་ཆེད་ལས་ཤེས་ལྡན་པའང་གྲབས་གསོག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།