རྒྱལ་སྟོན་གུང་གསེང་རིང་གཙག་བུ་གྲོང་ཚོ་ཆ་ཚང་སྡོད་ཁང་གསར་པར་སྤོས་པ།

འདི་ནི་ཡུལ་མི་ཚོ་གཙག་བུ་གྲོང་ཚོའི་ཐང་ཆེན་དུ་གནས་སྤོའི་མཛད་སྒོར་ཞུགས་བཞིན་པ། (རུ་ཐོག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་པར་རིས་མཁོ་འདོན་བྱས)
ཟླ་10ཚེས་1ཉིན་གྱི་རྒྱལ་སྟོན་ཉིན་མོར། ནམ་ལངས་མ་ཐག་རུ་ཐོག་རྫོང་ར་བང་ཤང་གཙག་བུ་གྲོང་ཚོའི་ཡུལ་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་རྒན་རྒོན་དང་ཕྲུ་གུ་ཁྲིད་དེ་གྲོང་ཚོའི་ཐང་ཆེན་དུ་བསྐྱོད། སྔ་དྲོའི་ཆུ་ཚོད་11ལ《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གཏོང་སྐབས། ཡུལ་མི་ཚང་མ་ཀྲོང་ངེར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་ལེན་པ་དང་མགོ་བོ་བཏེགས་ནས་སྐར་ལྔའི་དར་དམར་དམ་བུར་སྒྲེང་བར་ལྟ་བཞིན་མཆིས། རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བའི་བཀྲ་ཤིས་པའི་རྣམ་པའི་ཁྲོད་གཙག་བུ་གྲོང་ཚོའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་དཔེ་སྟོན་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་སྤོའི་མཛད་སྒོ་དངོས་སུ་འགོ་ཚུགས།
སེང་གེ་ཤེས་རབ་ཀྱི་ནང་མི་ཚང་མ་མི་ཚོགས་ཀྱི་མདུན་གྲལ་དུ་ལངས་པ་དང་། ཁྱིམ་མཚེས་མང་པོ་ཞིག་ཚུར་ཡོང་ནས་ཁོང་ཚོར་རྟེན་འབྲེལ་ཞུས། ཁོང་གི་ཁྱིམ་ལ་སྨི་ངོས་གྲུ་125ཟིན་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་ཆེ་ཤོས་དེ་རག་ཅིང་། སེང་གེ་ཤེས་རབ་ཀྱིས“ང་ཚོ་ནང་མི་དྲུག་པོར་དེ་སྔ་ཁང་མིག་ཆུང་ཆུང་གཉིས་ལས་མེད་པ་དང་། ད་ཆ་ཁེར་རྐྱང་གི་ཉལ་ཁང་དང་། ཚོམས་ཆེན། ཆེད་སྤྱོད་ཐབ་ཚང་བཅས་ཡོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་ཡོང་གི་རེད་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། སྡོད་ཁང་གསར་པ་སྐྲུན་པའི་གོ་སྐབས་དང་བསྟུན་ནས་ཁོང་གི་ཁྱིམ་ལ་ཡོང་འབབ་མང་པོ་བྱུང་ཡོད། སེང་གེ་ཤེས་རབ་ཀྱིས་ལས་ཡུལ་དུ་སྐྱེལ་འདྲེན་ལས་ཀ་བྱེད་པ་དང་ཁོང་གི་བཟའ་ཟླས་ཉིན་གླ་རྒྱུགས་ནས་ཡོང་འབབ་གསོག་གི་ཡོད། སྡོད་ཁང་གསར་པར་ཁྱིམ་ཆས་གསར་པ་ཉོ་སྐབས་སེང་གེ་ཤེས་རབ་དང་བཟའ་ཟླས་ཁྱིམ་ཆས་ཡག་ཤོས་ཉོས་ཤིང་། “སྡོད་ཁང་གསར་པ་གཙང་སྦྲ་དོད་ལ་སྐྱིད་སྣང་དོད་པོ་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།
སྡོད་ཁང་གསར་པར་གཙང་ཞིང་སྟབས་བདེ་བའི་གསང་སྤྱོད་བསྐྲུན་ཡོད་པ་དང་། ཐབ་ཚང་དང་གསང་སྤྱོད་ནང་དུ་ཆུ་ཀ་ལ་ཁྲིད་ཡོད་པ་མ་ཟད། གྲོང་ཚོ་རིམ་པའི་བཙོག་ཆུ་གཙང་གསིང་མ་ལག་ནས་འཚོ་བའི་བཙོག་ཆུ་གཅིག་གྱུར་འདྲེན་གྱི་ཡོད། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་རིམ་སྤོར་རྣམ་གྲངས་དུས་གཅིག་ཏུ་འཆར་འགོད་བྱས་ཤིང་། མིག་སྔར་ཚང་མ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཙག་བུ་གྲོང་ཚོ་ཧྲིལ་པོའི་དཔེ་སྟོན་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་9989.6བཏང་ཞིང་། སྡོད་ཁང་གསར་པ་219ཡོད་པར་སྨི་ངོས་གྲུ་25ནས་125བར་གྱི་ཁང་དབྱིབས་སྣ་ཚོགས་ཡོད་པ་དང་། ཁྱིམ་ཚང་མི་འདྲ་བའི་མི་གྲངས་ལ་གཞིགས་ནས་བཀོད་སྒྲིག་གནད་སྨིན་བྱས་ཡོད།
བསིལ་རླུང་དལ་བུར་ལྡང་ཞིང་། སྲང་ལམ་ནས་ཇ་བསྲུབས་མའི་དྲི་ཞིམ་འཐུལ། སྡོད་ཁང་གསར་པའི་ནང་འཚོ་བ་གསར་པར་རོལ་བཞིན་བཀྲ་ཤིས་པའི་རྣམ་པའི་ཁྲོད་གྲོང་ཚོ་དེར་རེ་བ་གསར་པས་ཁེངས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།