དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཚོང་ཁང་དུ་ཟུར་ཁྲིད་བྱས་ནས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ།

    ཨ་མདོ་རྫོང་ཁྲལ་དོན་ཅུས་ཀྱིས་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་ཕྲན་ཚེགས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་གཏོང་རོགས་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    ཉེ་དུས། བྱང་ཐང་དུ་ནམ་མཁའ་སྔོ་ཞིང་དྭངས་བ་དང་ཨ་མདོ་རྫོང་གྲོང་གི་ཁྲོམ་གཞུང་དུ་མི་ཚོགས་ཀྱིས་ཁེངས། ཆེན་པོ་དེ་ཙམ་མེད་པའི་པར་སློག་ཁང་ཞིག་ཏུ་སྦྱིན་བདག་བསོད་ནམས་དར་རྒྱས་ཀྱིས་འཛིན་ཤོག་ཁག་གཅིག་བསྡུ་གསོག་རྒྱག་བཞིན་ཡོད་ཅིང་། འགྲམ་གྱི་སྒྲོག་ཙེའི་ཐོག་མཐའ་ཟད་ནས་ཚོས་གཞི་ལོག་པའི་ཡིག་ཁུག་ཞིག་བཞག་ཡོད་པ་དང་། དེའི་ནང་ཁྲལ་དོན་དྲིལ་བསྒྲགས་ལག་དེབ་མང་པོ་དང་ཟིན་བྲིས་མང་པོ་བརྒྱབ་པའི་རྩིས་ཁྲ་ཆུང་ཆུང་ཞིག་བླུགས་ཡོད་པ་རེད།

    “ངས་ཡིག་ཁུག་འདི་སྤྱད་ནས་ལོ་གཅིག་ཙམ་ཕྱིན་འདུག”ཅེས་བསོད་ནམས་དར་རྒྱས་ཀྱིས་བརྗོད། ན་ནིང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཨ་མདོ་རྫོང་ཁྲལ་དོན་ཅུས་ཀྱི་ལས་དོན་པ་སྒོ་རྩར་ཡོང་ནས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བ་ཁོང་འདྲ་བའི་གཉེར་སྐྱོང་གི་ཁྱད་ཆོས་ལ་དམིགས་ཏེ། གཉེར་སྐྱོང་ཐད་ཟུར་ཁྲིད་ཐེངས་གཅིག་བྱས་པ་རེད།

    ཁྲལ་དོན་མི་སྣས་གནས་ལུགས་རྒྱུ་མཚན་མང་པོ་མ་བཤད་པར། ཟླ་བ་ཁ་ཤས་ཙམ་གྱི་ཚོང་ཟོག་བཙོངས་འབོར་དང་འཛིན་ཤོག་བཏོན་ནས་ཁོང་ལ་རྩིས་ཁྲ་རེ་རེ་བཞིན་བསྡུར་རོགས་བྱས་པ་མ་ཟད། ཟུར་ཁྲིད་ལག་དེབ་ཐོག་ཞ་སྨྱུག་གིས་གཙོ་གནད་ལ་རྟགས་བརྒྱབ།

    “གཉེར་སྐྱོང་བྱེད་སྐབས་སླ་བཅོས་ཁོ་ན་བྱེད་མི་རུང་བར། ཡོང་འབབ་ཐོ་བཀོད་གསལ་པོ་དང་དཔང་ཡིག་ཆ་ཚང་ཉར་དགོས” དེ་ནས་བཟུང་། ཁོང་གིས་ཆེད་མངགས་རྩིས་ཐོའི་དེབ་ཅིག་ཉོས་ནས་ལས་སྒོ་ཚང་མའི་གན་རྒྱའི་དངུལ་གྲངས་དང་། འཛིན་ཤོག་འབྲི་བའི་དུས་ཚོད། དངུལ་བསྡུའི་གནས་ཚུལ་བཅས་ཐོ་འགོད་བྱེད་འགོ་ཚུགས།

    ད་ལོ་ཁྲལ་དོན་མི་སྣ་ཡང་བསྐྱར་ཁོང་གི་ཚོང་ཁང་དུ་འབྱོར་སྐབས། བསོད་ནམས་དར་རྒྱས་ཀྱིས་ཚོས་གཞི་ལོག་པའི་ཡིག་ཁུག་ནས་རྩིས་ཐོ་བཏོན་ཏེ། “ཁྱེད་ཚོས་བསླབས་པའི་རྩིས་ཐོ་འགོད་སྟངས་ལ་བལྟས་ནས། ངས་ད་ཆ་ཟླ་བ་མི་རེ་ངོ་རེར་རྩིས་ཐོ་ཞིབ་བསྡུར་བྱེད་ཀྱི་ཡོད་པས་སེམས་ནང་གདེང་ཚོད་ཆེན་པོ་ཡོད”ཅེས་བརྗོད་པ་རེད།

    བསོད་ནམས་དར་རྒྱས་དང་འདྲ་བའི་ཕྲན་ཚེགས་གཉེར་སྐྱོང་བྱེད་པོས་ཚད་ལྡན་ངང་གཉེར་སྐྱོང་བྱ་རྒྱུར་རོགས་རམ་བྱ་ཆེད། ཨ་མདོ་རྫོང་ཁྲལ་དོན་ཅུས་ཀྱིས་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ཚོང་ཁང་རེ་རེ་བཞིན་ལ་འདྲི་རྟོག་བྱས་པ་དང་། ལས་རིགས་མི་འདྲ་བ་དང་གཞི་ཁྱོན་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས“ཚོང་དུད་རེར་ཐབས་ཇུས་རེའི”གཉེར་སྐྱོང་ཟུར་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཨ་མདོ་རྫོང་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འབྱུང་འགྱུར་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་དོན་དངོས་ཀྱི་དགོས་མཁོར་རྒྱུན་མཐུད་དམིགས་ནས་གཉེར་སྐྱོང་ཟུར་ཁྲིད་དེ་བས་མང་བ་བྱས་ཏེ། ཚང་མས“ཚད་ལྡན་གཉེར་སྐྱོང་དང་ཕུགས་འཕེར་འཕེལ་རྒྱས”ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས“གཉེར་སྐྱོང་ལ་སྒྲིག་ལམ་ལྡན་པ་དང་འཕེལ་རྒྱས་ལ་གདེང་ཚོད་ཡོད་པའི”རྣམ་པ་བཟང་པོ་ཞིག་རིམ་བཞིན་ཆགས་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།