དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔལ་མགོན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་30ཡི་ནང་ལྡབ་40ལྷག་ཙམ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    དཔལ་མགོན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1995ལོའི་སྒོར་ཁྲི་3877ནས་2025ལོའི་སྒོར་དུང་ཕྱུར་16.9བར་འཕར་ཏེ། ལོ་30ཡི་ནང་ལྡབ་40ལྷག་ཙམ་འཕར་བ་དང་ཉེ་བའི་ལོ་ལྔའི་རིང་ལོ་རེར་ཆ་སྙོམས་འཕར་ཚད་11.64%ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23186བར་འཕར་ཡོད།

    དུས་ཐུང་ལོ་30ཡི་ནང་། དཔལ་འབྱོར་སྤྱི་འབོར་ལྡབ་40ལྷག་ཙམ་འཕར་བ་དང་དེའི་སྒུལ་ཤུགས་གཙོ་བོ་ཕྱོགས་གསུམ་ཡོད་པ་སྟེ། གཅིག་ནི་འབྲོག་ལས་དེང་རབས་ཅན་གྱི་སྤུས་འབྲས་ལེགས་གཉེར་བྱུང་བ་རེད། སེ་བ་ལུག་དང་གཡག་པའི་འབྲི་གཡག་གི་ཁྱད་ལྡན་སྤུས་རྟགས་ཆེན་པོ་གཉིས་ལ་ཧུར་ཐག་གཞོལ་ནས་སྲོལ་རྒྱུན་འབྲོག་ལས་དེ་ལེགས་བསྡུས་ཞིབ་གཉེར་ཅན་དང་ཐོན་ལས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་1995ལོའི་སྒོར་ཁྲི་4100ནས་2025ལོའི་སྒོར་དུང་ཕྱུར་4.82བར་འཕར་བ་དང་། འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་6.23ཟིན་ནས་འབྲོག་པ་མང་ཚོགས་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་ཡོད། གཉིས་ནི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གྱི་གོང་འཕེལ་བྱུང་བ་རེད། གླང་ཆེན་གནམ་སྒོ་དང་གནམ་མཚོའི་བྱང་ངོགས་སོགས་ཀྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཉེ་བའི་ལོ་5ཡི་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་76.02ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་1.91རག་ཡོད། གསུམ་ནི་རྣམ་གྲངས་ལ་མ་འཇོག་བྱས་པའི་ཐད་སྐུལ་ཁྲིད་ནུས་ལྡན་ཐུབ་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་གཙོ་གནད་རྣམ་གྲངས་204ལག་བསྟར་བྱས་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་9དོན་འཁྱོལ་བྱས་པ། ཀུང་སི་གསར་པ་7ཐོ་འགོད་བྱས་པ། ཁྲལ་འབབ་སྒོར་ཁྲི་2471.55མངོན་འགྱུར་བྱུང་བ། ས་གནས་དེ་གའི་མི་ཐེངས་2000ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་བཅས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།