དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱིས“རིག་གནས་དང་ཡུལ་སྐོར་མཉམ་འདྲེས+”ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་4ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་མཚོ་ཤར་གྲོང་ཁྱེར་གྱིས་རིག་གནས་ཀྱིས་བླ་སྲོག་དང་། ཡུལ་སྐོར་གྱིས་གར་སྟེགས། ལུས་རྩལ་གྱིས་ཐབས་ལམ་བཅས་བྱས་ཏེ། བསམ་བློ“མཉམ་གཏོད”དང་། རིག་གནས“མཉམ་འདུས” སྤེལ་རེས“མཉམ་མཐུན” འཕེལ་རྒྱས “མཉམ་འདྲེས”བཅས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ་གྱི་ཁྱད་ལྡན་འཕེལ་རྒྱས་ལམ་བུ་ཆགས་པར་སྐུལ་འདེད་བཏང་བ་མ་ཟད། མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་ནས། ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཀྱང་བཏང་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་ཁང་བཙུགས་པ་དང་། རིག་གནས་དང་ཡུལ་སྐོར་རྣམ་གྲངས་40ལག་ལེན་བསྟར་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.81བཏང་བ། གཞི་རིམ་གྱི་རིག་གནས་དཔེ་སྟོན་ས་ཚིགས་102དང་། ལོ་རྒྱུས་རིག་གནས་གྲོང་ཚོ་24 མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་21བཅས་བཙུགས་པ་དག་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གཡུལ་ས་གལ་ཆེན་དུ་བརྩིས་པ་དང་འབྲེལ། མཚོ་སྔོན་ཞིང་ཆེན་གྱི་དར་གོས་ལམ་བུའི་ལ་གཞས་སྒྱུ་རྩལ་དུས་ཆེན་དང་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་རིག་གནས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་ནས་མི་རིགས་ཁག་གི་རིག་གནས་མཉམ་འདུས་ཀྱི་རྣམ་པ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།

    དེ་དང་ཆབས་ཅིག་རིག་གནས་དམངས་ཕན་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ་བརྒྱུད། རིག་གནས་ཐོན་ཁུངས་སྤུས་ལེགས་700ལྷག་ཙམ་ཐད་ཀར་གཞི་རིམ་དུ་ཁྱབ་པར་བྱས་ཏེ། རྨ་ཆུ་དང་ཙོང་ཆུའི་རིག་གནས་རྟེན་མཛོད་ཁང་དང་། ལིའུ་དབན་གྱི་ཚོན་རྫ་རྟེན་མཛོད་ཁང་། གྲོ་ཚང་རྡོ་རྗེ་འཆང་དགོན་པ། ལ་ཀྱཱ་གནའ་ཤུལ་སོགས་ཀྱི་འཐབ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ལོ་རྒྱུས་ཀྱི་དོན་དངོས་མངོན་པར་བྱས་ཡོད། ལུས་རྩལ་དེ་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཡ་རྫིའི་ལན་ཆིའུ་སྤོ་ལོ་དང་། གཞོང་ཐང་གི་རྐང་རྩེད་སྤོ་ལོ། བ་ཡན་གྱི་མདའ་འཕེན་སོགས་འགྲན་བསྡུར་བྱེད་སྒོ་སྤེལ་བ་དང་། ས་གནས་ས་ཐོག་ཏུ་རིག་གནས་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་བྱས་པ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཁྲི་5ཙམ་གྱི་ཡིད་དབང་བཀུག་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།