ཀྲུང་གོའི་བཟོ་བོས་སོ་ཏི་ཨ་རབ་ཀྱི“ཤར་རླངས་ནུབ་འདྲེན”གྱི་འཕར་རྩ་ཆེན་པོ་སྐྲུན་པ།

འདི་ནི་རྣམ་གྲངས་མདོང་ལམ་གྱི་ཨར་སྐྲུན་བྱ་ཡུལ་ཡིན་པ།

འདི་ནི་རྣམ་གྲངས་ཀྱི་ལས་མིས་བདེ་འཇགས་འདྲ་བཟོའི་གསོ་སྦྱོང་བྱེད་བཞིན་པ།
སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེ་ནུབ་རྒྱུད་དུ་བྱེ་སྒང་མུ་འབྲེལ་དུ་ཆགས་པ་དང་རྒྱང་རིང་ལ་བལྟས་ཚེ། རང་བྱུང་སོལ་རླངས་ཀྱི་མདོང་ལམ་རིང་པོ་དེ་དར་སྐུད་བཞིན་བྱེ་སྒང་ཁྲོད་ཀྱག་ཀྱོག་ངང་བསྲིངས་ཡོད། ཉེ་ཆར། གསར་འགོད་པ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་རྡོ་སྣུམ་ལས་གྲྭ་འཛུགས་སྐྲུན་ཀུང་སིས(གཤམ་དུ“རྡོ་སྣུམ་ལས་གྲྭ་འཛུགས་སྐྲུན”ཞེས་བསྡུ་རྒྱུ)སྐྲུན་འགན་འཁུར་བའི་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རང་བྱུང་སོལ་རླངས་མདོང་དྲའི་དུས་ཐེངས་གསུམ་པའི་མདོང་ལམ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་གི་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ནུས་རྒྱུའི་མཉམ་ལས་ཀྱི་གསོན་ཤུགས་ཚོར་བར་བྱས་པ་ཡིན།
“ང་ཚོའི་ལག་ནང་གི་ཚལ་མདའ་དེ་ཀྲུང་གོས་བཟོས་པའི་སྤུས་ཚད་དང་སྦྲེལ་ཡོད”
ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སིའི་རྩལ་ནུས་མཁས་ཅན་ཝང་ཧུང་ཧུའེ་ཡིས་ཚ་ལའི་ཚད་ལེན་ཁྲེ་ཙེ་འཁྱེར་ནས་ཚ་ལའི་འཕྲུལ་ཚན་གྱི་ལས་ཀའི་གྲུབ་འབྲས་རེ་རེ་བཞིན་ལ་ཞིབ་བཤེར་བྱེད་བཞིན་ཡོད། “ཚ་ལ་རྒྱག་སའི་ཞིབ་ཚད་ཧེ་བག་དེ་ངེས་པར་དུ་ཧའོ་སྨི་རིམ་པར་ཚོད་འཛིན་བྱས་ཚེ་གཞི་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་ཐུབ། ང་ཚོའི་ལག་ནང་གི་ཚལ་མདའ་དེ་ཀྲུང་གོས་བཟོས་པའི་སྤུས་ཚད་དང་སྦྲེལ་ཡོད”ཅེས་བཤད།
སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རང་བྱུང་སོལ་རླངས་མདོང་དྲ་རིམ་སྤོར་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་དུས་ཐེངས་གསུམ་པའི་མདོང་ལམ་རྣམ་གྲངས་ལས་སོ་ཏི་ཨ་རབ་ཀྱི“ཤར་རླངས་ནུབ་འདྲེན”གྱི་འཕར་རྩ་ཆེན་པོ་ཞིག་ཆགས་རྒྱུ་རེད། རྡོ་སྣུམ་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་དུམ་བུ་དྲུག་པ་དང་བདུན་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ་700ཙམ་ཡོད། རྣམ་གྲངས་བསྐྲུན་རྗེས་མདོང་ལམ་གྱི་ཉིན་རེའི་སོལ་རླངས་འདྲེན་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ནས་སོ་ཏི་ཨ་རབ་ནུབ་རྒྱུད་ཀྱི་རྒྱལ་པོ་ཨ་པུའུ་ཏུའུ་ལའི་དཔལ་འབྱོར་གྲོང་དང་འབར་རླངས་གློག་ཁང་ཆེ་གྲས་མང་པོའི་རང་བྱུང་སོལ་རླངས་སྤྱོད་པའི་དགོས་མཁོ་བསྐངས་ཏེ། སོ་ཏི་ཨ་རབ་ནུབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ནུས་རྒྱུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་རེད།
“ང་ཚོས་མྱུར་ཚད་མགྱོགས་སུ་གཏོང་དགོས་ལ་སྤུས་ཚད་དེ་བས་འགན་ལེན་བྱེད་དགོས” ཝང་ཧུང་ཧུའེ་ཡིས་རྡོ་སྣུམ་ལས་གྲྭ་བཟོ་སྐྲུན་དང་རྒྱལ་སྤྱིའི་ཀུང་སི་གཞན་དག་དབར་གྱི་འཕེལ་རིམ་བསྡུར་བའི་རེའུ་མིག་ལ་ལྟ་བཞིན“གཞན་གྱིས་ཚ་ལ་ཐེངས་གཅིག་རྒྱག་པར་སྐར་མ་18འགོར་གྱི་ཡོད་ན་ང་ཚོས་སྐར་མ་15ནང་ཚུན་དུ་ཚོད་འཛིན་ཇི་ལྟར་བྱེད་དགོས་པར་བསམ་བློ་གཏོང་གི་ཡོད། ལག་རྩལ་གསར་གཏོད་ལ་བརྟེན་ནས་ལས་རིམ་ལེགས་སུ་བཏང་ཚེ་ལས་ཕྱོད་ཆེ་རུ་གཏོང་ཐུབ། རྣམ་གྲངས་དེར་རྒྱལ་ཐོན་རང་འགུལ་ཚ་ལ་རྒྱག་ཆས་་ཚུད་པའི་ཚ་ལའི་འཕྲུལ་ཚན་6སྤྱད་པ་དང་རིག་ནུས་སྒྲིག་ཆས་རྒྱ་ཁྱབ་ངང་སྤྱད་དེ་ཨར་སྐྲུན་བཟོ་རྩལ་ཕྱོགས་ཡོངས་ནས་གསར་སྒྱུར་ལ་སྐུལ་འདེད་བཏང་ནས། སོ་ཏི་ཨ་རབ་ཀྱི་ཁ་ཞེང་ཆེ་ཤོས་ཀྱི་སྣུམ་རླངས་མདོང་ལམ་གྱི་ཨར་སྐྲུན་ཟིན་ཐོ་རྒྱུན་ཆད་མེད་པར་བཏོད་ཡོད”ཅེས་ངོ་སྤྲོད་བྱས། མིག་སྔའི་བར། རྣམ་གྲངས་ཀྱི་80%ལྷག་ཙམ་ལེགས་གྲུབ་ཟིན་པ་དང་རིམ་རྩིས་བརྒྱབ་ན་སྤྱི་ལེ་678ལྷག་ཙམ་གྱི་མདོང་ལམ་ཚ་ལ་རྒྱག་པའི་ལས་གྲྭ་ལེགས་གྲུབ་ཟིན་ཡོད་པ་རེད།
ཝང་ཧུང་ཧུའེ་ཡིས་ཕྱི་རྒྱལ་གྱི་ཚ་ལ་རྒྱག་མཁན་མང་པོ་ཞིག་འཁྲིད་པ་དང་ལི་ཀན·སྨི་ཡ་ནི་དེའི་གྲས་ཤིག་རེད། རྨང་གཞིའི་ཚ་ལ་རྒྱག་སྟངས་ནས་དྲོད་ཚད་མཐོ་བའི་ཁོར་ཡུག་འོག་གི་ལས་སྒྲུབ་ཐབས་རྩལ་བར་དང་དེ་ནས་ཨར་ལས་དཔེ་རིས་ལ་ལྟ་ཐུབ་པའི་བར། ཝང་ཧུང་ཧུའེ་ཡི་མཛུབ་ཁྲིད་འོག་སྨི་ཡ་ཚ་ལ་རྒྱག་པའི་ཚོགས་ཆུང་གི་ལག་རྩལ་རྐང་འཛིན་པར་གྱུར་པ་དང་། ཁོང་གནས་སའི་འཕྲུལ་ཚན་གྱིས་ཉིན་15བསྟུད་མར་ཚ་ལ་རྒྱག་ཐེངས་གཅིག་རང་ལ་ཚད་གཞི་ལོན་ཚད་100%ཟིན་པ་དང་སྤྱི་ཡོངས་ཀྱི་ཚད་གཞི་ལོན་ཚད་98%ཡན་ཟིན་པའི་ཕུལ་བྱུང་གྲུབ་འབྲས་བཏོད་ཡོད།
“ཚན་རྩལ་དང་དོ་དམ་ཟུང་དུ་འབྲེལ་བའི་འགན་སྲུང་ལས་ཨར་སྐྲུན་པ་མི་རེ་ངོ་རེའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཉེན་ཁར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད”
རྣམ་གྲངས་ཀྱི་སྒར་སའི་བདེ་འཇགས་དངོས་སྦྱོང་རྟེན་གཞིརVR(དངོས་ལྗོངས་རྟོག་བཟོ)སྒྲིག་ཆས་གྱོན་པའི་རྒྱལ་ཁོངས་སོ་ཏི་ཨ་རབ་ཀྱི་ལས་མི་ཨའོ་ཐའེ་པིས་བདེ་འཇགས་ཐག་པའི་ཐོག་ཙོག་པུར་བསྡད་ཅིང་། བརྙན་ཤེལ་བརྒྱུད་ཁོང་གིས་ལས་ཁྲི་ལྷུང་བའི་ཉེན་ཁར་འཕྲལ་སྡོམ་ཐག་གཅོད་བྱེད་བཞིན་པ་མཐོང་ཐུབ། “འཆད་ཁྲིད་ཉན་པ་དང་། བརྙན་ལམ་ལ་ལྟ་བ། VRཉམས་ལེན་བཅས་བརྒྱུད་གང་དག་བྱེད་ཆོག་པ་དང་གང་དག་བྱེད་མི་ཆོག་པ་བློ་ལ་གསལ་པོར་ངེས་སོང”ཞེས་ཨའོ་ཐའེ་པིས་བཤད།
“བདེ་འཇགས་ནི་རྣམ་གྲངས་ཀྱི་སྲོག་རྩ་ལྟ་བུ་རེད”ཅེས་རྣམ་གྲངས་བདེ་འཇགས་དོ་དམ་པུའི་ཅིང་ལི་གཞོན་པ་ཀྲའོ་ཅེ་ཡིས་རྟག་ཏུ་ཤོད་ཀྱི་ཡོད། རྣམ་གྲངས་བདེ་འཇགས་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་ནས་ཨར་སྐྲུན་རླངས་འཁོར་སྐྱོད་ཤུལ་དང་། རླངས་འཁོར་གྱི་མྱུར་ཚད། དེ་བཞིན་ཁ་ལོ་བའི་གནས་ཚུལ་སོགས་གསལ་པོར་མཐོང་ཐུབ། བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་སྤྱི་ལེ་700ཙམ་གྱི་མདོང་ལམ་རྒྱུད་ཀྱི་ལས་སྒྲུབ་ས་ཚིགས་160ལྷག་ཙམ་ལ་སྐོར་ཞིབ་བྱེད་ཐུབ་ཀྱི་ཡོད། ཀྲའོ་ཅེ་ཡིས། རྣམ་གྲངས་པུས་མི་སྣ་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་ཡོངས་བཅས་ལ་ཁྱབ་པའི་བདེ་འཇགས་འགོག་སྲུང་མ་ལག་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་པས་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར“ལས་འཛོལ་གཅིག་ཀྱང་མི་ཐོན་པའི”དམིགས་ཚད་མངོན་འགྱུར་བྱུང་བ་མ་ཟད། ད་དུང་རྣམ་གྲངས་ཀྱི་དོ་བདག་སོ་ཏི་ཨ་རབ་ཀྱི་ཨ་མེ་ཀུང་སིའི“དོ་དམ་གསར་གཏོད་བྱ་དགའ”ཡང་ཐོབ་ཡོད་ཅེས་བཤད།
མིག་སྔའི་བར། རྣམ་གྲངས་དེས་རིགས་ཁག་གི་བདེ་འཇགས་གསོ་སྦྱོང་ཐེངས་130ལྷག་ཙམ་བྱས་པ་དང་མི་ཐེངས་3300ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད། “ང་ཚོས་ཚན་རྩལ་དང་དོ་དམ་ཟུང་དུ་འབྲེལ་བའི་འགན་སྲུང་ལ་བརྟེན་ནས་ཨར་སྐྲུན་པ་ཚང་མའི་བདེ་འཇགས་ཀྱི་འདུ་ཤེས་དང་ཉེན་ཁར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀྲའོ་ཅེ་ཡིས་བཤད།
“རྣམ་གྲངས་འཛུགས་སྐྲུན་ཡང་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་རིག་གནས་སྤེལ་རེས་ཀྱི་བརྒྱུད་རིམ་ཞིག་རེད”
“ཉིན་ཤས་གོང་། ང་རང་ཀྲུང་གོར་རིག་གནས་མཉམ་འདྲེས་ཀྱི་ཞིབ་འཇུག་ཟབ་སྦྱོང་བྱེད་སྒོར་ཞུགས་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཧ་ལས་བྱུང”ཞེས་རྣམ་གྲངས་པུའི་རྒྱལ་ཁོངས་སོ་ཏི་ཨ་རབ་ནས་ཡིན་པའི་ལས་མི་དབྱི་ས·མུའུ་ཐའེ་ལིས་དགའ་ཚོར་ཆེན་པོས་གསར་འགོད་པར་རང་ཉིད་ཀྱི་མྱོང་ཚོར་གླེང་བ་རེད། ཞིབ་འཇུག་ཟབ་སྦྱོང་བྱེད་རིང་། ཁོང་དཔེ་མཚོན་ཁེ་ལས་དང་པེ་ཅིང་གྲོང་ཁྱེར་གྱི་གནས་རྟགས་ལ་ལྟ་བར་ཕྱིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད།
མུའུ་ཐའེ་ལིས“ང་རང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིར་ཞུགས་ནས་ལོ་10འགྲོ་གི་འདུག ཀྲུང་གོའི་ལས་རོགས་ཚོའི་མཐུན་སྒྲིལ་མཛའ་བརྩེ་དང་ལས་ཀའི་སྤྲོ་སེམས་ལས་ང་ལ་ལྕག་སྐུལ་ཟབ་མོ་ཐེབས་བྱུང་། ང་སོ་ཏི་ཨ་རབ་དང་ཀྲུང་གོའི་ནུས་རྒྱུའི་མཉམ་ལས་རྣམ་གྲངས་མང་པོར་ཞུགས་མྱོང་ཡོད། མཉམ་ལས་དེ་དག་སོ་ཏི་ཨ་རབ་ཀྱི་ནུས་རྒྱུ་ཕྱོགས་སྒྱུར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད། རྣམ་གྲངས་ཀྱི་འགན་འཁུར་བ་ཉིང་པོ་ཡིས“རྣམ་གྲངས་འཛུགས་སྐྲུན་ཡང་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་རིག་གནས་སྤེལ་རེས་ཀྱི་བརྒྱུད་རིམ་ཞིག་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།