“ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒུན་ཆང་རིག་གནས་ཀྱི་རྩ་བ་བརྟན་པོར་ཚུགས་པ”
——རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུཌ་ཀྱི་སྤྱི་ཁྱབ་ཀན་ཧྲི་པ་ཁེར་བཅར་འདྲི་བྱས་པ།
འཛམ་གླིང་གི་རྒུན་འབྲུམ་དང་རྒུན་ཆང་གི་ཚོགས་ཆེན་སྐབས་ཞེ་བདུན་པ་དང་རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་ཆེན་ཟླ་10ཚེས་12ནས་16ཉིན་བར་ཉིང་ཞ་དབྱིན་ཁྲོན་དུ་འཚོག་རྒྱུ་ཡིན་ཞིང་། འདི་ནི་ཚོགས་ཆེན་དེ་ཚོགས་སྲོལ་བྱུང་ནས་ལོ་བརྒྱ་ལྷག་ཙམ་སོང་ཚུན་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཏུ་འཚོག་ཐེངས་དང་པོ་རེད། ཉིན་ཤས་གོང་རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཡོད་ཧན·པ་ཁེས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རྒུན་འབྲུམ་དང་རྒུན་ཆང་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་རྒྱལ་ཁབ་གལ་ཆེན་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ཞིག་རེད། ཚོགས་ཆེན་དེ་ཀྲུང་གོར་འཚོགས་པ་ནི་འདི་ག་རྩ་འཛུགས་དང་དེ་བཞིན་ཀྲུང་གོའི་རྒུན་འབྲུམ་དང་རྒུན་ཆང་ཐོན་ལས་ཀྱི་ངོས་ནས་བརྗོད་ན་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ཞིག་རེད”ཅེས་བརྗོད།
རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུགས་དེ་1924ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ཧྥ་རན་སེར་ཡོད་ཅིང་། དེ་ནི་གོ་ལ་ཧྲིལ་པོའི་རྒུན་འབྲུམ་འདེབས་འཛུགས་དང་རྒུན་ཆང་སྙོལ་བཟོའི་ཁྱབ་ཁོངས་ཀྱི་ཚན་རིག་ལག་རྩལ་ཐད་དབང་གྲགས་ལྡན་པའི་སྒྲིག་གཞི་ཞིག་རེད། 2025ལོའི་ལོ་མཇུག་ཏུ་ཀྲུང་གོ་རྩ་འཛུགས་དེའི་ནང་དངོས་སུ་ཞུགས་ནས་ཁོངས་མིའི་རྒྱལ་ཁབ་ང་གཅིག་པར་གྱུར་ཡོད། པ་ཁེས་ངོ་སྤྲོད་བྱས་པར། འཛམ་གླིང་གི་རྒུན་འབྲུམ་དང་རྒུན་ཆང་གི་ཚོགས་ཆེན་དང་ཁོངས་མིའི་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་ཆེན་ནི་རྩ་འཛུགས་དེའི་ལོ་རེའི་བྱེད་སྒོ་གལ་ཆེ་ཤོས་ཤིག་རེད། ཀྲུང་གོས་རྩ་འཛུགས་ནང་ཞུགས་མ་ཐག་འབྲེལ་ཡོད་ཚོགས་འདུའི་གཉེར་འགན་འཁུར་བ་དེ་ལས་བརྡ་རྟགས་ནུས་ལྡན་ཞིག་མངོན་པ་སྟེ། ཀྲུང་གོས་རྩ་འཛུགས་དེ་བརྒྱུད་རྒུན་འབྲུམ་དང་རྒུན་ཆང་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་ལ་གཞོལ་ནས་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
“ལོ་མང་རིང་། རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོའི་རྒུན་ཆང་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་ལ། ཀྲུང་གོས་ཀྱང་ཆེད་ལས་ཤེས་བྱ་དང་ལག་རྩལ་མང་པོ་ལེགས་སྐྱེས་ཕུལ་ཡོད། གོ་ལ་ཧྲིལ་པོའི་རྒུན་འབྲུམ་དང་རྒུན་ཆང་ལས་རིགས་ཀྱི་གསར་དར་ཐེ་ཞུགས་པ་ཞིག་ཡིན་པའི་ཀྲུང་གོའི་གལ་ཆེའི་རང་བཞིན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད”ཅེས་པ་ཁེས་བརྗོད། རྩ་འཛུགས་དེའི་གྲངས་གཞི་ལས་མངོན་པར། ཀྲུང་གོ་ནི་རྒུན་འབྲུམ་ཟ་སྤྱོད་བྱེད་མཁན་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། རྒུན་ཆང་སྤུས་ལེགས་ཐོན་སྐྱེད་ཐད་ལའང་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། ཀྲུང་གོའི་རྒུན་ཆང་འཛད་སྤྱོད་བྱེད་ཚད་ཀྱང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
“ཀྲུང་གོ་རྩ་འཛུགས་དེའི་ནང་ཞུགས་ནས་རྒྱལ་ཁབ་གཞན་དང་མཉམ་དུ་རྩ་འཛུགས་དེའི་ཐབས་ཇུས་གཏན་འབེབས་བྱེད་པའི་ནང་ཞུགས་པ་དེས་སྔར་བས་ལུགས་དང་མཐུན་པའི་གོ་ལ་ཧྲིལ་པོའི་ཚད་གཞི་འཛུགས་པར་ཕན་ཐོགས་ཡོད་ལ། རྒུན་ཆང་ལས་རིགས་དར་རྒྱས་གོང་འཕེལ་དང་ཚོང་དོན་དྲང་གཞག་ཡོང་བར་རྨང་གཞི་འདིང་ཐུབ་པ་དང་རྒྱལ་སྤྱིའི་རྒུན་ཆང་ལས་རིགས་ལ་གོ་སྐབས་གསར་པ་ཐོབ་རྒྱུ་རེད། ཀྲུང་གོའི་རྒུན་ཆང་ཁྲོམ་རའི་གཞི་ཁྱོན་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ལ་འཕར་གཞི་ཡང་ཧ་ཅང་ཆེན་པོ་ཡོད། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོའི་རྒུན་ཆང་གི་སྤུས་ཚད་ཇེ་མཐོར་ཕྱིན་ནས་འཛམ་གླིང་གི་རྒུན་ཆང་རྩེ་གྲ་བསྙལ་ཐུབ་ཀྱི་ཡོད། འཕེལ་ཕྱོགས་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་ཡིད་ཆེས་ཡོད”ཅེས་པ་ཁེས་བརྗོད།
འབྲེལ་ཡོད་གསར་འགྱུར།