དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྣམ་པ་གསར་གཏོད་དང་མཁོ་སྤྲོད་ཕུན་སུམ་ཚོགས་པ།

    རྒྱལ་སྟོན་གུང་གསེང་རིང་འཛད་སྤྱོད་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-08

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཛད་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བཅས་བྱས་ཏེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཉེ་ཆར། ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར། རྒྱལ་སྟོན་གྱི་ངལ་གསོའི་དུས་ཚོད་ཕྱེད་ཀ་ལྷག་ཙམ་འདས་ཟིན་ཞིང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པ་དང་འཚོ་བའི་མཁོ་ཆས་འདང་ངེས་དང་རིན་གོང་བརྟན་པོ་བྱུང་ཡོད།

    རྒྱལ་སྟོན་གུང་གསེང་རིང་། ཧེ་ལུང་ཅང་ཧར་པིན་གྱི་རྙིང་ཁུངས་མིང་ཅན་ཟ་ཁང་ཞིག་ནས་ཞིམ་ཟས་ཀྱི་དྲི་ཞིམ་འཐུལ་འོང་། ས་གནས་དེས“སྟོན་དུས་ཀྱི་གངས་འཁྱགས་གྲོང་། སྐྱིད་པའི་དུས་ཆེན་གཉིས”ཞེས་པའི་འཛད་སྤྱོད་ཚོང་སྐུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། མཉམ་ཉོའི་ལས་སྟེགས་ལ་ཆེད་དོན་ཁ་གསབ་སྤྲོད་དགོས་པའི་ཁྲིད་སྟོན་བྱས་ཡོད། “བཟའ་བཅའ་སྤེལ་མའི་ནང་ཁྱད་ལྡན་ཞིམ་ཟས་ཚང་མ་འདུག་ལ་རིན་གོང་ཡང་ཁེ་པོ་འདུག”ཅེས་ཧོ་པེ་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་སུའུ་མེ་ཡིས་མཉམ་ཉོའི་ཨང་རྟགས་སྟོན་བཞིན་དེ་ལྟར་བཤད།

    ཅང་སུའུ་སུའུ་ཆན་གྱི་སུའུ་ཡུས་ཆུས་ཅིང་ཏུང་ཐེན་ཏི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིར་ཚོང་དུད་ཀྱིས་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ། རིན་གོང་བཅག་ནས་འཚོང་བ་དང་ཚོང་ཁང་དུ་ཡོང་མཁན་ཚང་མར་ལག་རྟགས་སྤྲོད་པ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།

    ཤིན་ཅང་ཁ་ཧྲིའི་ཁྱིམ་སྤྱོད་གློག་ཆས་ཚོང་ཁང་ཞིག་ཏུ་འདེམས་ཉོ་བྱེད་མཁན་གྲོང་མི་མང་པོ་ཡོད། ཁྲོམ་རའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་ཁ་གསབ་ཐོག་ཚོང་ཁང་ནས་ད་དུང་རིན་གོང་གཅོག་པ་སོགས་ཀྱི་བྱེད་ཐབས་སྤྱོད་ཅིང་། རྒྱལ་སྟོན་གུང་གསེང་རིང་འཛད་སྤྱོད་པས་མང་ཤོས་ལ་ཁ་གསབ་རིགས་ལྔ་ལོངས་སུ་སྤྱོད་ཆོག

    ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེ་མོ་ནས་མངོན་པར། རྒྱལ་སྟོན་གུང་གསེང་གི་ཉིན་དང་པོ་ནས་གསུམ་པའི་བར། ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་རྐང་ཐང་ཁྲོམ་གཞུང(ཚོང་སྐོར)78ཀྱི་འགྲུལ་རྒྱུན་དང་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་3.4%དང་5.3%སོ་སོར་འཕར་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེས་པ་ལས་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་196.3ཟིན་ནས་མི་ཐེངས་ཁྲི་348.3ལ་ཕན་པ་ཐོབ་ཡོད།

    རྒྱལ་སྟོན་གུང་གསེང་རིང་ས་གནས་ཁག་གིས་རང་རང་སོ་སོའི་ཐོན་ཁུངས་ལ་གཞི་ཚུགས་ནས་མཁོ་སྤྲོད་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་སྟེ། འཛད་སྤྱོད་པའི་རང་གཤིས་ཅན་དང་སྤུས་ཚད་ཅན་གྱི་དགོས་མཁོ་དེ་བས་ལེགས་པ་བསྐངས་ཡོད།

    སི་ཁྲོན་ཁྲེང་ཏུའུ་ཆིང་ཁྲེང་ཧྲན་དང་ཏུའུ་ཅང་ཡན་མཛེས་ལྗོངས་ཁུལ་དུ་རིམ་སྤོར་བྱས་པའི་ངོ་བཤེར་འགྲོ་སྐྱོད་སྒྲིག་ཆས་ལས་ཡུལ་སྐོར་བ་འགྲོ་སྐྱོད་ལ་སྔར་བས་སྟབས་བདེ་བསྐྲུན་ཡོད། ཁྲེང་ཏུའུ་ཡིས“བློ་བདེ་པོས་བཟའ་བ་དང་། བློ་བདེ་པོས་ཉོ་བ། བློ་བདེ་པོས་ཡུལ་སྐོར”བཅས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། འཛད་སྤྱོད་རྩོད་གཞིའི་ཐད“ངོས་འཛིན་གཏན་འཁེལ་བྱུང་མ་ཐག་སྐྱིན་ཚབ་འཇལ་བ་དང་སྔོན་ལ་སྐྱིན་ཚབ་འཇལ་བ་དང་རྗེས་སུ་བདའ་འདེད་གཏོང་བའི”བྱ་ཐབས་སྤྱད་ཡོད།

    ནང་སོག་གི་ས་གནས་ཁག་གིས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ཧུའུ་ཧོ་ཧའོ་ཐེ་གྲོ་ཟས་འདུ་ཚོགས་ཀྱིས་གྲོང་མི་དང་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་། པའོ་ཐོའུ་ཡིས“ལུའུ་གྲོང་ཡུལ་དུ་འཛོམས། སྟོན་དུས་སྐྱིད་ལ་རོལ”ཞེས་པའི་འཛད་སྤྱོད་ཚོང་སྐུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཤིང་ཨན་མོང་ཝུའུ་ཅའོ་ཧྥེང་ལྟ་སྐོར་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་རྣམ་པའི་འཁོར་ཁྲིད་ཡུལ་སྐོར་གྱི་རླངས་འཁོར་འཇོག་སར་རིན་པ་མི་བསྡུ་བའི་བྱེད་སྒོ་སྤེལ་བ་སོགས། གུང་གསེང་གི་ཉིན་དང་པོར་ནང་སོག་གིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་370.16ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་47.51%འཕར་ཡོད།

    ཀོང་ཏུང་ཀོང་ཀྲོའུ་ཐེན་ཧོ་ལམ་ཀྲེང་ཅ་ཐང་ཆེན་དུ་ཆུ་གཏོར་རོལ་དབྱངས་མཚན་ཚོགས་ཀྱིས་གསན་པ་པོ་མང་པོའི་ཡིད་དབང་བཀུག་པ་དང་། ལམ་ཟུར་དང་ཁྲོམ་གཞུང་གང་སར་སྐོར་སྐྱོད་འཁྲབ་སྟོན་སྣ་ཚོགས་བྱས་པ། འཛད་སྤྱོད་བྱ་དགའ་འཐེན་པ་དང་ཁ་གསབ་སྣ་ཚོགས་སྤྲོད་པ་སོགས་ཀྱི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཡོད།

    རྒྱལ་སྟོན་གུང་གསེང་རིང་ཧྲན་ཏུང་ཅི་ཉིང་རེན་ཁྲེང་ཁུལ་གྱིས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས“མིས་བཟོས་གཙང་པོའི་དྲན་ཤེས”ཞེས་པའི་རིག་གནས་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་དུ་མིས་བཟོས་གཙང་པོའི་ཁྲོམ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།

    ལུས་ལ་གནའ་ཉམས་དོད་པའི་རྒྱན་གོས་གྱོན་པ་དང་མགོ་བོར་སྐྲ་རྒྱན་སྣ་ཚོགས་བཏགས་ཤིང་། ཧོ་ནན་ཁའེ་ཧྥུང་གི་དབན་སུའེ་ཧྲན་དྲག་རྩལ་གྲོང་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གནའ་བོའི་རྒྱན་གོས་སྤྲས་ནས་རྩེད་འཇོར་རོལ། མོས་འདེམས་ཚོགས་པའི་གྲངས་གཞི་ལས་མངོན་པར། ཚེས་2ཉིན“ཁའེ་ཧྥུང་མི་རིགས་རྒྱན་གོས་ཡུལ་སྐོར་པར་ལེན”དང“མཛེས་འཆོས་ཡུལ་སྐོར་པར་ལེན”ཞེས་པ་འཚོལ་བཤེར་བྱེད་ཚད་དུས་མཚུངས་ལས་143%འཕར་བ་དང་མངགས་ཐོ་181%འཕར་ཡོད།

    ཧྲེན་ཀྲོའུ་བོགས་གཏོང་རླངས་འཁོར་གྱི་གྲངས་གཞི་ལས་མངོན་པར། གུང་གསེང་རིང་བོགས་གཏོང་རླངས་འཁོར་ཁྲོམ་ར་ནས་བོགས་ཡུན་རིང་བ་དང་གྲོང་སྒྲོལ་ཡུལ་སྐོར་སོགས་ཀྱི་ཁྱད་ཆོས་མངོན་པ་དང་། བོགས་གཏོང་རླངས་འཁོར་སྔོན་མངགས་བྱེད་ཚད་དང་སྤྱོད་མཁན་གཉིས་ཀ་དུས་མཚུངས་ལས་150%འཕར་བ། ནུས་གསར་རླངས་འཁོར་སྔོན་མངགས་བྱེད་ཚད་400%ལྷག་ཙམ་འཕར་ཡོད།

    རྒྱལ་ཁབ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཀྱིས“ཀྲུང་ཡོན་ལྕགས་ལམ། གཙང་ཆེན་ལྷོ་ཕྱོགས་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གཏོང་འགོ་ཚུགས་ཏེ། དབུ་དཀར་མཉམ་འགྲོགས་དང་གཉེན་ཉེ་མཉམ་སྐྱོད་ཅེས་པའི་ཐོན་རྫས་བཏོད་ཡོད། རྒྱལ་ཁབ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཁའེ་ཧྥུང་འབབ་ཚུགས་ཀྱིས་མཛེས་ལྗོངས་ཁུལ་དང་མཉམ་དུ་དམངས་ཕན་བྱེད་སྒོ་སྤེལ་ཏེ། བྱེད་ཐབས་སྣ་ཚོགས་སྤྱད་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།