ཧང་ཀྲོའུ་ཡིས་མི་ཐབས་རིག་ནུས་ཀྱི་ཐོན་སྐྱེད་ནུས་ཤུགས་གཞན་སྒྱུར་གྱི་ལམ་བུ་མགྱོགས་མྱུར་གཏོད་པ།
ད་ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཉིས་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་ཐོག“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། ཚན་རྩལ་འདི་ཉིད་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་མགྱོགས་མྱུར་སྒྱུར་བའི་ཐབས་ལམ་གཏོད་དགོས”ཞེས་ནན་བཤད་གནང་བ་དང་། 2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོབ་པར་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཁུངས་གསལ་སྒོ་དབྱེ་དང་མཉམ་ལས་མཉམ་སྤྱོད་ལ་ལྕག་སྐུལ་བྱས་ནས་མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། ཡུལ་རྣམ་བཀོལ་སྤྱོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་གསར་གཏོད་ཀྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།
ཧང་ཀྲོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཀྱི་འབྱུང་ཁུངས་དང་། སྐྱེ་ཁམས་སྐྱེད་སྲིང་། ཡུལ་རྣམ་སྒོ་དབྱེ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མི་ཐབས་རིག་ནུས་ཀྱི་ཐོན་སྐྱེད་ནུས་ཤུགས་གཞན་སྒྱུར་གྱི་ལམ་བུ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། མཐུན་རྐྱེན་སྦྱོར་བའི་བཀོལ་སྤྱོད་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་ཀྱི་ཡོད།
གསར་གཏོད་ལ་དམ་འཛིན་དང་ཐོན་ལས་སྟོབས་ཆེར་གཏོང་བ།
གཟུགས་ཅན་རིག་ནུས་ཀྱི་འགྲན་ལམ་ལ་དམིགས་ནས་ཧང་ཀྲོའུ་ཡིས་སྔོན་ལ་ཤུགས་བརྒྱབ་ཡོད།
ཁྲོན་ཧྭ་ཚོགས་པའི་ཤིན་ཨན་རྫས་འགྱུར་བཟོ་ལས་སྤྱི་ཁྱབ་པུའི་རིག་ནུས་གླིང་ཁུལ་དུ་ཐུམ་སྒྲིལ་འཕྲུལ་མིས་ཅ་ལག་ཐུམ་སྒྲིལ་ཡག་པོ་རྒྱག་བཞིན་ཡོད་པ་དང་། སྐོར་ཞིབ་འཕྲུལ་མིས་དུས་བཀག་ལྟར་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་སེལ་བཞིན་ཡོད། མི་ཐབས་རིག་ནུས་དེ་ཉིད་བཟོ་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་སྤྱད་པས་གླིང་ཁུལ་གྱི་ཐོན་སྐྱེད་ལས་ཕྱོད་སྔོན་ཆད་ལས་བཅུ་ཆ་གསུམ་ལྷག་ཙམ་མཐོ་རུ་ཕྱིན་ཡོད།
“འབྲིང་རིམ་ཚོད་ལྟའི་རྟེན་གཞིའི་ཚད་ལེན་ཚོད་ལྟ་ནས་དྲ་ཕྱིའི་ལག་ལེན་ངོ་མའི་བར། ང་ཚོས་དུས་འགོའི་རྩིས་ནུས་དང་བར་དཀྱིལ་གྱི་འཕྲུལ་འཁོར་ཧྲིལ་པོ་མཉམ་འབྲེལ་བྱས་ཏེ་བཟོ་སྐྲུན་དང་ཟོག་འགྲུལ་གྱི་དགོས་མཁོར་གཞིགས་ནས་གཟུགས་ཅན་རིག་ནུས་ཀྱི་བཀོལ་སྤྱོད་ཐོན་ལས་འཁོར་འབྲེལ་ཞིག་བཏོད་ཡོད”ཅེས་ཁྲོན་ཧྭ་ཚོགས་པའི་ཙུང་ཚའེ་གཞོན་པ་ཡའོ་ཁྲེན་ཕུང་གིས་ངོ་སྤྲོད་བྱས།
དཔེ་དབྱིབས་དང་རྩིས་ནུས་ནས་མཁྲེགས་ཆས་དང་འཕྲུལ་འཁོར་ཧྲིལ་པོའི་བར་དང་། དེ་ནས་འབྲིང་རིམ་ཚོད་ལྟའི་ར་སྤྲོད་དང་ལག་ལེན་དངོས་བར། ཧང་ཀྲོའུ་ཡིས་ཆེད་ལས་ཅན་གྱི་ལས་བགོས་དང་ས་ཁུལ་དབར་གྱི་མཉམ་ལས་ལ་བརྟེན་ནས་གཟུགས་ཅན་རིག་ནུས་ཐོན་ལས་ཀྱི་ཁྱུ་ཚོགས་གྲུབ་པར་སྐུལ་འདེད་བཏང་ཡོད། མིག་སྔར། ཧང་ཀྲོའུ་རུ་གཟུགས་ཅན་རིག་ནུས་འཕྲུལ་མི་དང་རིག་ནུས་མཐའ་སྣེའི་ཐོན་ལས་གཞན་པའི་ཁེ་ལས་440ལྷག་ཙམ་འདུས་ཡོད་པ་དང་། 2025ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1000ལས་བརྒལ་ནས། རྒྱལ་ནང་གི་ཁྲོམ་རར་རྐང་བཞིའི་འཕྲུལ་མི་དང་མི་གཟུགས་འཕྲུལ་མིའི་སྐལ་གྲངས་བཟུང་ཚད་བརྟན་པོའི་ངང་མཐོ་པོར་གནས་ཡོད་པ་རེད།
འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ། ད་ལོའི་ཟླ་5པར། 《ཧང་ཀྲོའུ་གྲོང་ཁྱེར་གྱིས་གཟུགས་ཅན་རིག་ནུས་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་ལེན་བསྟར་ནས། རིགས་ཁག་གི་བྱེད་པོའི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་པ་དང་ཆབས་ཅིག ལས་རིགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཡང་སྐུལ་འདེད་གཏོང་བཞིན་ཡོད།
ཁོར་ཡུག་བཏོད་ནས་ཤེས་ལྡན་པ་ནང་འདྲེན་བྱེད་པ།
མི་ཐབས་རིག་ནུས་དཔེ་དབྱིབས་ཆེ་མོའི་སྤྱི་སྤྱོད་སྡེ་ཁུལ་གྱི“མོ་ཏ་སྡེ་ཁུལ”གྱི་གསར་སྤེལ་བའི་ལྟེ་གནས་ནི་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་ཁུལ་ཙེ་ཅིན་ཀང་ཚན་རྩལ་གྲོང་ཡུན་ཀུའུ་ལྟེ་གནས་སུ་ཆགས་ཤིང་། སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་པའི་དྲ་ཕྱིའི་བར་མཐོངས་དེར་གསར་སྤེལ་བ་ཚོས་བསམ་ཚུལ་གསར་པ་སྤེལ་རེས་བྱས་ནས་བློ་སྒོ་འབྱེད་པར་གཞོལ་བཞིན་ཡོད།
“ལས་གནས་གཅིག་གི་ཟླ་རེའི་བོགས་དངུལ་སྒོར་300ལས་ཟིན་གྱི་མེད་པ་མ་ཟད་ད་དུང་གཞུང་དོན་སྒྲུབ་ཡུལ་ཡང་གཙང་ལ་གྲལ་འགྲིག་པོ་ཡོད” “མོ་ཏ་སྡེ་ཁུལ”གྱི་དྲ་ཐོག་སྤྱོད་མཁན་ནས་དྲ་ཕྱིའི་སྡེ་ཁུལ་དུ་བཅའ་སྡོད་བྱེད་མཁན་མི་གཅིག་གི་ཀུང་སིའི་ལས་གཏོད་པའི་བར། ཁྲེན་ཧུའེ་ཡིས་མི་ཐབས་རིག་ནུས་ཀྱི་ལས་བསྡུའི་མཉེན་ཆས་གསར་སྤེལ་བྱེད་བཞིན་ཡོད་པ་དང་། ཁོང་གིས“འདི་ག་ནས་བློ་ཁ་མཐུན་པའི་ལས་གཏོད་རོགས་པ་རྙེད་ཐུབ”ཅེས་བརྗོད།
ཧང་ཀྲོའུ་ཡིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་སྤྱོད་དཔེ་དབྱིབས་ཀྱི་འགག་སྒྲོལ་དང་། སྤྱི་སྤྱོད་སྡེ་ཁུལ་འཛུགས་སྐྲུན། སྤྱི་སྤྱོད་ཚོང་ལས་རྣམ་པ་བཅས་སྐྱེད་སྲིང་བྱས་ཤིང་། ད་ལོར“མོ་ཏ་སྡེ་ཁུལ”གྱིས་གོ་ལ་ཧྲིལ་པོའི་གསར་སྤེལ་བ་ཁྲི་3000ལྷག་ཙམ་རུབ་འདུས་དང་ཁེ་ལས་གསར་པ་100སྐྱེད་སྲིང་བྱེད་པར་ཧང་ཀྲོའུ་ཡིས་རྒྱབ་སྐྱོར་བྱས་ཏེ། ལོ་ཧྲིལ་པོར་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་5500ལྷག་ཙམ་ཟིན་པར་བརྩོན་ལེན་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཧང་ཀྲོའུ་ཡིས་ཐུང་དབྱི་ཆན་དབེན་དང་ཧྲེན་ཏུའུ་ཆིའུ་སོའོ་སོགས་ཀྱི་སྤྱི་སྤྱོད་དཔེ་དབྱིབས་རིམ་འཇུག་རིམ་སྤོར་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། སྤྱི་སྤྱོད་རྨང་གཞིའི་དཔེ་དབྱིབས་ཆེ་མོ་གསར་པ་གང་མགྱོགས་སྐྱེད་སྲིང་བྱ་རྒྱུ་རེད།
ཡུལ་རྣམ་བཏོད་ནས་མཐུན་རྐྱེན་སྦྱོར་རྒྱ་ཆེ་རུ་གཏོང་བ།
“མི་ཐབས་རིག་ནུས་+”ཀྱི་བྱ་སྤྱོད་ལག་བསྟར་ཧུར་ཐག་བྱས་ཏེ། ཧང་ཀྲོའུ་ཡིས་ཡུལ་རྣམ་ལ་བརྟེན་ནས་ལག་རྩལ་གསར་གཏོད་ལ་སྣེ་ཁྲིད་དང་ལག་ལེན་དངོས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།
2025ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན། ཧང་ཀྲོའུ་ཡིས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཡུལ་རྣམ་ལས་ཐོན་པའི་གོ་སྐབས་སྣ་ཚོགས་488དང་ཡུལ་རྣམ་བྱེད་ནུས་923ཁྱབ་བསྒྲགས་བྱས་ཤིང་། 2026ལོ་ནས་བཟུང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཚོ་འདུས་དང་། གྲོང་ཁྱེར་བཅོས་སྐྱོང་། དམངས་འཚོའི་ཞབས་ཞུ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཧང་ཀྲོའུ་ཡིས་ལོ་ལྟར་སྤུས་ཚད་མཐོ་བའི་ཡུལ་རྣམ་ཐོན་ཁུངས་200ཡན་སྐྱེད་སྲིང་དང་སྒོ་དབྱེ་བྱས་ཏེ། “ཐོག་མའི་ཚོད་ལྟ་ར་སྤྲོད་དང་། ཐོག་མའི་སྤྱོད་ཡུལ། ཕུད་འགྲེམས་སྤུས་རྟགས། ཐོག་མའི་འགྲེམས་སྤེལ་བརྒྱུད་བསྒྲགས”བཅས་ཀྱི་ལག་རྩལ་དང་ཐོན་རྫས་གསར་པའི་འཁོར་འབྲེལ་ཧྲིལ་པོའི་བཀོལ་སྤྱོད་ཁོར་ཡུག་རིམ་བཞིན་ཆགས་པར་བྱེད་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཧང་ཀྲོའུ་ཡིས་ཁོར་ཡུག་གསར་པ་རྩེ་གྲ་དང་ཚོང་གཉེར་ཁོར་ཡུག་སྤུས་ལེགས་ནུས་ཤུགས་ཡོད་རྒུས་བཏོད་དེ། མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།