མཚོ་སྔོན་པད་མ་རྫོང་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།
གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་གྱིས། མཐུན་སྒྲིལ་མེ་ཏོག་རྣམ་པར་བཞད།

འདི་ནི་པད་མ་རྫོང་གི་དམར་དམག་ཐང་ཆེན་གྱི་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོའི་རྡོ་རིང་ཡིན་པ།
“དམར་དམག་བསྐྱོད་རྗེས། གྲོང་སྡེ་སྟོང་ལྷང་ལྷང་དུ་གྱུར། གྲོང་སྡེ་སྟོང་པར་གྱུར་ཡང་སེམས་པ་མི་སྐྱོ། སྐྱོ་བ་ནི་དམར་དམག་དེ་ནས་ཁ་བྲལ་བ་དེ་རེད……”མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དུ་ཡུལ་དེ་གའི་གླུ་གཞས་ཤིག་ད་ལྟའི་བར་དུ་ཁྱབ་བཞིན་མཆིས།
པད་མ་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་མཚོ་སྔོན་གྱི་ས་ཆ་ཞིག་རེད། གླུ་གཞས་དེ་ལས་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་མཚོན་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་ཚོར་བཞིན་ཡོད།
2021ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་གྲོང་ཚོར་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས“རྒྱང་སྐྱོད་སྐབས་དམར་དམག་གྲངས་ཉུང་མི་རིགས་འཚོ་སྡོད་ཀྱི་ཡུལ་ལུང་དུ་བསྐྱོད་ནས། གྲངས་ཉུང་མི་རིགས་སྤུན་ཟླ་དང་མཉམ་དུ་ཕུ་ནུ་མིང་སྲིང་དང་འདྲ་བའི་གཏམ་རྒྱུད་སྙན་མོ་བཞག་ཡོད”“ད་ཆ་ང་ཚོ་གུང་ཁྲན་ཏང་གི་རིམ་ཁག་ལས་བྱེད་པ་གང་དུ་བསྐྱོད་ཀྱང་ཡུལ་མི་ཚོར་ད་དུང་འཚོ་བ་ཡག་པོ་གང་འདྲ་ཞིག་སྐྱེལ་འདོད་ཡོད་དམ་ཞེས་འདྲི་དགོས་ལ། འཚོ་བ་སྔར་བས་ཡག་པོ་ཡོང་བར་ང་ཚོས་མཉམ་དུ་སྐུལ་འདེད་དང་མཉམ་དུ་གཞོལ་དགོས”ཞེས་གསུངས་པ་རེད།
མངགས་བཅོལ་ནན་པོ་བློ་ལ་བརྟན་པོར་ངེས་པ་དང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་དང་། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ། དགེ་མཚན་ཆེ་རིགས་འདོན་སྤེལ་བཅས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་དུས་རབས་གསར་པའི་རྒྱང་ལམ་དུ་ཧུར་ཐག་སྐྱོད་བཞིན་ཡོད།
སྲན་ཞིང་ནས་དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་མངོན།
པད་མ་རྫོང་གི་ཡིག་ཚགས་ཁང་དུ་ཀོན་ཀྲང་རེན་ཞའོ་ཕེང་གིས་འདྲ་པར་ཞིག་བསློགས་ཤིང་། དེའི་ནང་སྐས་ཞིང་དང་གདོད་མའི་ནགས་ཚལ་མཉམ་དུ་གནས་ཡོད་པ་དང་། དམར་དམག་དེ་གར་འབྱོར་སྐབས་སྲན་མའི་མེ་ཏོག་བཞད་ནས་གང་བུ་ཆགས་སྒང་རེད།
རྩི་མདོ་ལུང་ལ་དེང་སང་དམར་དམག་ལུང་པ་ཟེར། རྒྱལ་སྟོན་གྱི་ངལ་གསོའི་རིང་། དམར་དམག་ལུང་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞིའི་དམར་དམག་ལུང་པའི་དྲན་གསོ་ཁང་དུ་ཞིབ་སྦྱོང་དང་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད།
རྒྱང་ལྟའི་མཐོ་ལྕོག་ཏུ་འཛེགས་ནས་བལྟས་ན། ལང་ལོང་དུ་བཞུར་བའི་སྨར་ཆུས་དམར་དམག་ལུང་པ་ཡོངས་སུ་བསྐོར་ནས་བཞུར་བཞིན་མཆིས། པཎ་ཆེན་གྲོང་ཚོའི་སྔོན་ཆད་ཀྱི་སྲན་མའི་ཞིང་ཁར་ད་ལྟའི་དུས་སུ་ནས་ནག་ལ་ལོ་ལེགས་བྱུང་ཡོད།
གསར་བརྗེའི་ཐོག་མའི་བསམ་འདུན་གཅིག་རྒྱུན་གཅིག་འཛིན་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་འཐབ་བྱེད་བཞིན་ཡོད། ད་ལྟའི་ཆར། པད་མ་རྫོང་དུ་ནོར་ནག་ཐོན་ལས་དེ་ཉིད་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཀ་རྟེན་ཐོན་ལས་ཤིག་ཡིན་པའི་ངོས་ནས། “གསོ་སྤེལ་དང་། ལས་སྣོན། ཕྱིར་ཚོང་། བཟའ་བཏུང་། རིག་གནས་ཡུལ་སྐོར”བཅས་ཀྱི་འཁོར་འབྲེལ་རིམ་བཞིན་ཆགས་ནས། རྫོང་དེ་ཡོངས་ཀྱི་ནོར་ནག་ཁྲི་11.85ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་རག་ཡོད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་ནག་དང་བོད་ལུག་ཐོན་རྫས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་180ལས་བརྒལ་ནས་ཞིང་འབྲོག་དུད་ཁྱིམ་ཁྲི་50.6ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
རི་བོ་གཅིག་ལ་མི་རབས་ནས་མི་རབས་བར་སྲུང་སྐྱོང་བྱེད།
དམར་དམག་ལུང་པའི་དྲན་གསོ་ཁང་གི་རྒྱབ་ལོགས་ཀྱི་དམར་དམག་གི་བང་སོའི་མདུན་དུ་ལོ་མང་རིང་ཁ་བཏགས་འབུལ་མཁན་རྒྱུན་ཆད་རྒྱུ་མེད། པད་མའི་མི་རྣམས་ཀྱི་སེམས་སུ་དམར་པོ་ནི་ནམ་ཡང་ཡལ་མི་སྲིད་པའི་དྲོ་སྐྱིད་མཚོན་བྱེད་ཀྱི་ཁ་དོག་ཅིག་རེད།
པཎ་ཆེན་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་སྐྱབས་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཡིན་པ་དང་། ཁོང་གི་སྒྲིག་འཛུགས་འོག ཡུལ་མི་ཚོས་མི་རབས་ནས་མི་རབས་བར་བཤད་མྱོང་བའི་དམར་དམག་གི་གཏམ་རྒྱུད་ལེགས་སྒྲིག་བྱས་པ་དང་། དམངས་ཁྲོད་དུ་ཁ་ཐོར་དུ་ལུས་པའི་གསར་བརྗེའི་ཅ་དངོས་རྙིང་པ་བསྡུ་རུབ་དང་དོ་དམ་སྲུང་སྐྱོང་བྱས་པ་མ་ཟད། དམར་དམག་ལུང་པ་དང་། དམར་དམག་གི་བསིལ་ཁང་། དམར་དམག་གི་ཟམ་པ། དམར་དམག་གི་བང་སོ་སོགས་ལ་རིམ་པ་བཞིན་ཉམས་གསོ་དང་བདག་སྐྱོང་ཡང་བྱས་པ་རེད།
དམར་དམག་ལུང་པའི་རྗེས་རབས་པ་ཚོས་གསར་བརྗེར་སྲུང་སྐྱོང་བྱེད་ཀྱི་ཡོད་ལ་སྐྱེ་ཁམས་ལའང་སྲུང་སྐྱོང་བྱེད་ཀྱི་ཡོད།
པད་མ་རྫོང་གི་ནགས་ཚལ་དུས་སྐབས་ཤིག་རིང་སྟོངས་ལ་ཁད་བྱས། “དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པར། གྲོང་ཚོའི་ལམ་དུ་ཤིང་འདྲེན་རླངས་འཁོར་ཆེན་པོས་ཁེངས་ཤིང་། གྲལ་སྟར་རིང་པོ་བསྒྲིགས་ནས་ཕྱི་ཕྱོགས་སུ་དབོར་བཞིན་ཡོད” རྗེས་སུ་ཀརྨ་སྐྱབས་ཀྱིས་ཡུལ་མི་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ་བྱས་པས། ད་ཆ་རི་ལྡེབས་སུ་སླར་ཡང་རྩི་ཤིང་སྟུག་པོས་ཁེངས་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཆར་གནས་པའི་སྨར་ཁོག་གི་ནགས་ཁུལ་དུ་ནགས་ཚལ་ཁྱབ་ཚད་69.58%བར་འཕར་ཡོད་ལ། སྨར་ཆུའི་འགྲམ་རྒྱུད་དེད་ནས་མདུན་དུ་སྐྱོད་སྐབས་ལམ་བར་དུ་སྤྲེའུ་དང་གཡི་ཡང་སེ་མཐོང་རྒྱུ་ཡོད།
ནགས་ཚལ་ཡག་པོ་བསྐྱངས་ན། ནགས་གསེབ་ནས་ཡོང་འབབ་རག་ངེས། པད་མ་རྫོང་གིས་ས་བབ་སྨི་3500ཡན་གྱི་སར་མི་ཐབས་ལ་བརྟེན་ནས་བཏབ་པའི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ལམ་ལྷོངས་བྱུང་བ་དང་ས་མཐོའི་ཁྱད་ལྡན་ཤ་མོའི་རིགས་ཀྱི་ཐོན་ལས་དཔེ་སྟོན་གླིང་གི་དྲོད་ཁང་67གྱིས་མང་ཚོགས་ལ་ལྗིད་ཏིག་ཏིག་གི་ཡོང་འབབ་བཏོད་ཡོད།
ཟངས་ཁོག་ཅིག་གིས་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བདེན་དཔང་བྱེད།
དམར་དམག་ལུང་པའི་དྲན་གསོ་ཁང་གི་ཐོག་སོ་གཉིས་པའི་འགྲེམས་ཁང་གི་མངོན་གསལ་དོད་སར་ཀོང་འབུར་གྱི་ཟངས་ཁོག་ཅིག་བཞག་ཡོད།
“འདི་ནི་དམར་དམག་དང་ས་གནས་འདི་གའི་མང་ཚོགས་དབར་འབྲེལ་འདྲིས་བྱུང་བའི་དཔང་པོ་ཞིག་ཡིན་ལ‘རྟེན་རྫས་ཁང་གི་གཙུག་ནོར’ཡང་རེད” དེ་ནི་པད་མ་རྫོང་ཡུལ་སྐོར་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཡེ་ཤེས་རྡོ་རྗེས་དེ་དུས་བོད་རིགས་བགྲེས་སོང་ཆོས་བྷོའི་ལག་ནས་བླངས་པ་ཞིག་རེད།
དམར་དམག་པཎ་ཆེན་གྲོང་ཚོ་བརྒྱུད་སྐབས། ཆོས་བྷོའི་ཨ་ཕ་བསོད་རྡོར་གྱིས་དམར་དམག་འཐབ་འཛིང་པ་རང་ཁྱིམ་དུ་གདན་དྲངས་ནས་སྡོད་དུ་བཅུག ཉིན་དེ་དག་རིང་། དམར་དམག་འཐབ་འཛིང་པས་བསོད་རྡོར་གྱི་ཁྱིམ་ཚང་ལ་མེ་ཤིང་འཐུ་རོགས་དང་ཆུ་ལེན་རོགས་བྱས་པ་མ་ཟད་ཁོང་ཚོར་རྒྱ་སྐད་ཀྱང་བསླབས་པ་དང་། བསོད་རྡོར་གྱིས་རྩམ་པ་དང་འོ་ཇའི་སྣེ་ལེན་ཞུས་པ་མ་ཟད། དམར་དམག་འཐབ་འཛིང་པར་ཡུལ་སྲོལ་གོམས་གཤིས་ཀྱང་བརྗོད་ཅིང་། ཁ་གྱེས་ཁར་དམར་དམག་གིས་ཟངས་ཁོག་དེ་ཁོང་ལ་བཞག་པ་རེད།
2019ལོར། པད་མའི་དམར་དམག་ལུང་པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ཞེས་པའི་མིང་དངོས་སུ་བཏགས་ཤིང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ད་བར་བརྩམས་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར(ཀྲོའུ)ཚང་མ་དང་རྫོང(ཆུས)98%རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བཏོད་ཡོད། “ལྕེ་ཐོག་གི་འཐེན་ཐུག”དང་། “སོར་རྩེའི་མཚོ་སྔོན་གྱི་འཚེམ་དྲུབ” “སེ་འབྲུའི་རྡོག་པོའི་ཁྱིམ་གཞིས”སོགས་ནི་མི་རིགས་མཐུན་སྒྲིལ་གྱི་མིང་བྱང་གསར་པར་གྱུར་ཡོད།
ལོ་10ལྷག་ཙམ་གྱི་རིང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་འོག མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་གྲངས་ཁག་98ལག་ལེན་བསྟར་བ་དང་། མི་ཐེངས་ཁྲི་2.1པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ་སོགས་སུ་སྐོར་སྦྱོང་སྤེལ་རེས་བྱེད་པར་མངགས་ཡོད། བོད་རིགས་བུ་མོ་ཞིག་གིས་སོ་སོའི་སྐོར་སྦྱོང་ཉིན་ཐོར། “ཧོང་ཕུའུ་གཙང་པོའི་ཆུ་དང་རྨ་ཆུའི་ཆུ་འགོའི་ཆུ་གཉིས་རྒྱ་མཚོར་འདྲེས་ན་སུས་ཀྱང་དབྱེ་བ་འབྱེད་ཐབས་མེད”ཅེས་བྲིས་ཡོད།
མི་རིགས་མཐུན་སྒྲིལ་གྱི་མེ་ལྕེ་དྲོན་མོ་དེ་ས་མཐོར་ཡུན་ནས་ཡུན་དུ་འབར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།