དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྐད་གྲགས་མེད་པར་སྲུང་སྐྱོང་བྱས། ས་མཐོའི་སྲོག་ཆགས་བདེ་ལ་འཁོད།

    —— མངའ་རིས་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-08

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གྲས་ཤིག་ཡིན་པའི་གསའ་ནི་ས་མཐོའི་སྐྱེ་ཁམས་ལེགས་མིན་ལ་ཚད་འཇལ་བའི་ལྟེ་བའི་གསལ་སྟོན་སྲོག་ཆགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དྲ་བ་སྔར་བས་ཚགས་དམ་དུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། གསའི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་བ་བཅས་ལས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་གསའི་གཟུགས་བརྙན་རིམ་བཞིན་གངས་ལྗོངས་ས་མཐོའི་རྒྱུན་མཐོང་གི་རྣམ་པར་གྱུར་བཞིན་ཡོད།

    འགྱུར་ལྡོག་ལེགས་པོ་དེ་ལྟར་བྱུང་དོན་ནི་དོ་དམ་བདག་སྐྱོང་བ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ། རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་པ་བཅས་མི་700ལྷག་ཙམ་གྱི་དད་སེམས་བརྟན་པོ་དང་། མིག་རྒྱང་རིང་པོ། ཆེད་ལས་ཀྱི་སྲུང་སྐྱོང་བྱེད་པ་དང་ཁ་བྲལ་ཐབས་མེད་ཅིང་། དམངས་ཡོངས་ཞུགས་པ་དང་ཁུལ་ཡོངས་མཉམ་བཅོས་ཀྱི་སྲུང་སྐྱོང་སྟོབས་ཤུགས་ལ་བརྟེན་ཏེ་ས་མཐོའི་རི་སྐྱེས་སྲོག་ཆགས་ཡོད་དོ་ཅོག་ས་གཞི་དེར་རང་དགར་འཚོ་གནས་དང་སྐྱེ་འཕེལ་ཐུབ་པར་བྱས་ཡོད།

    སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས། མངའ་རིས་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་ཆེས་ཆེར་འཕར་བ་དང་། གསའ་དང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་སྐབས་འགར་འབྲོག་ཁུལ་དུ་སླེབས་ནས་མཚན་དགུང་དུ་ཕྱུགས་རིགས་ལ་འཇབ་རྒོལ་བྱས་པས། རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་མཁན་འབྲོག་པར་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཚོ་བ་དོ་སྙོམས་བྱེད་པའི་དཀའ་གནད་འཕྲད་ཡོད།

    རུ་ཐོག་རྫོང་དབུས་བྱང་གྲོང་ཚོ་སྤྱིར་བཏང་གི་ཉིན་མོ་ཞིག་ལ་རོགས་སྐྱོབ་རེ་ཞུའི་ཁ་པར་གྱི་སྒྲས་བྲེལ་འཚུབ་ཆེ་བར་གྱུར། ཆུ་ཚན་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ལོ་ལེགས་གཡང་ཆགས་ལ་མང་ཚོགས་ཀྱི་རོགས་སྐྱོབ་རེ་ཞུའི་ཁ་པར་འབྱོར་ནས“ལུག་ཚང་ནང་གསའ་གཉིས་འཛུལ་ནས་ང་ཚོ་འགྲམ་དུ་འགྲོ་ཕོད་ཀྱི་མི་འདུག་པས། ཁྱེད་ཚོ་མགྱོགས་པོ་ལྟ་བར་ཡོང་རོགས”ཞེས་བཤད།

    ཁ་པར་བཞག་རྗེས་ལོ་ལེགས་གཡང་ཆགས་ཀྱིས་འགོག་སྲུང་སྒྲིག་ཆས་འཁྱེར་ནས་རླངས་འཁོར་བཏང་སྟེ་ས་ཆ་དངོས་སུ་སྐྱོད། ལམ་བར་དུ་ཁོང་ལ་སེམས་ཁྲལ་གཉིས་བྱུང་བ་སྟེ། གཅིག་ནི་འབྲོག་པའི་ནོར་ལུག་ལ་སྲུང་སྐྱོང་བྱེད་པ་དེ་དང་གཞན་ནི་ད་དུང་ཟས་འཚོལ་བར་ཡོང་བའི་གསའ་ལའང་གནོད་འཚེ་མི་ཕོག་པ་བྱ་རྒྱུ་དེ་རེད།

    ཆུ་ཚོད་ཁ་ཤས་རིང་ངང་རྒྱུད་རིང་པོ་དང་བསམ་གཞིག་གཟབ་ནན་བྱས་པ་བརྒྱུད་གསའ་དེ་གཉིས་བཟུང་ཐུབ་པ་རེད། ཆེད་ལས་མི་སྣས་ཞིབ་བཤེར་བྱས་པ་བརྒྱུད་གསའ་དེ་གཉིས་ཀྱི་ལུས་པོ་བདེ་ཐང་ཡིན་ལ་ཕྱི་རོལ་དུ་གློད་པའི་ཆ་རྐྱེན་དང་མཐུན་ཡོད། གསའ་དེ་གཉིས་སླར་ཡང་མི་སྡོད་སར་མི་འཛུལ་བ་བྱ་ཆེད། ལོ་ལེགས་གཡང་ཆགས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་པ་དང་མཉམ་དུ་ཕི་ཁ་རླངས་འཁོར་བཏང་ནས་ཀྱག་ཀྱོག་གི་རི་ལམ་དང་ལ་ཀླུང་སྤྱི་ལེ་400ལྷག་ཙམ་བརྒལ་ཏེ་གསའ་དེ་གཉིས་ས་བབ་སྨི་5200ཟིན་པའི་མི་མེད་ཁུལ་དུ་གློད་པ་རེད།

    རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། དམངས་འཚོར་དེ་བས་བསམ་ཤེས་བྱེད་དགོས། མངའ་རིས་ས་ཁུལ་གྱིས་གནད་སྨིན་ཇུས་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་ཕྱོགས་གཉིས་ཀར་ཕན་པ་ཐོབ་པར་བྱས་ཤིང་། 2025ལོར་ས་གནས་དེ་གས་རི་སྐྱེས་སྲོག་ཆགས་ཀྱི་ཆག་སྒོའི་ཁ་གསབ་ཚད་གཞི་དེ་སྔའི་རྨང་གཞི་ལས་60%མཐོ་རུ་བཏང་ནས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱི་བསྡུར་ཚད་ལྟར་མཉམ་དུ་འགན་ཁུར་ཏེ་ཆེད་དངུལ་ཆེད་སྤྱོད་དང་གྲངས་ཚང་ངང་སྤྲོད་ཐུབ་པ་བྱས་ཡོད། 2025ལོར་མངའ་རིས་ས་ཁུལ་གྱིས་རི་སྐྱེས་སྲོག་ཆགས་ཀྱི་ཆག་སྒོའི་གུན་གསབ་གྱོད་གཞི་5587ཕན་འབྲས་མཐོན་པོས་ཐག་བཅད་ནས་མ་དངུལ་སྒོར་ཁྲི་1460.46དངོས་སུ་སྤྲད་པས། རི་སྐྱེས་སྲོག་ཆགས་ཀྱི་ཆག་སྒོ་ལས་འབྱུང་བའི་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་ཆུང་དུ་ནུས་ལྡན་བཏང་ཡོད་པ་རེད།

    མ་དངུལ་གྱི་ཁ་གསབ་ཕུད། ཡུལ་བབ་དང་བསྟུན་ནས་གསར་གཏོད་བཅོས་སྐྱོང་དེ་བས་བྱས་ཤིང་། རུ་ཐོག་རྫོང་དུང་རུ་ཤང་དང་ར་བང་ཤང་དུ་ས་གནས་དེ་གས་རྩྭ་ར་བོགས་མར་གཏོང་སྟངས་གསར་གཏོད་ངང་ཁྱབ་གདལ་བཏང་ནས་རྩྭ་ར་མུའུ་ཁྲི་12.5ཙམ་འབྲོང་ཁམ་པའི་ཆེད་གཏོགས་འཚོ་གནས་ཁུལ་དུ་དབྱེ་ཡོད་པ་རེད། རྩྭ་ར་འཁོར་རྒྱུག་བྱས་རྗེས་འབྲོག་པར་བོགས་དངུལ་གྱི་ཡོང་འབབ་བརྟན་པོ་བྱུང་བ་མ་ཟད། འབྲོང་ཁམ་པར་ཡང་གནོད་འཚེ་གཏོང་མཁན་མེད་པའི་འཚོ་གནས་ཁུལ་ཞིག་བྱུང་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགན་ལེན་བྱེད་པའི“གཉིས་ཕན”མངོན་འགྱུར་བྱུང་ཡོད།

    གྲངས་ཚང་ངང་སློག་པའི་ཁ་གསབ་མ་དངུལ་རེ་རེ་དང་ས་མཐོའི་དོན་དངོས་དང་འཚམ་པའི་དམངས་ཕན་བྱེད་ཐབས་རེ་རེ་ནི་མངའ་རིས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི“མ་གནས་ཀྱི་རྩིས་ཁྲ”ཞིག་ཡིན་ལ། མི་སེམས་དྲོ་བ་དང་དམངས་སེམས་གཅིག་ཏུ་སྒྲིལ་བའི“དམངས་འཚོའི་རྩིས་ཁྲ”ཞིག་ཀྱང་རེད། མི་དང་རི་སྐྱེས་སྲོག་ཆགས་རིམ་བཞིན་མཐུན་འགྲིག་དང་ཕན་ཚུན་མཉམ་འདྲེས་བྱུང་ནས་ས་མཐོའི་མི་སེམས་འགུལ་ཤོས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད།

    གཙོད་གནས་སྤོ་དང་སྐྱེ་འཕེལ་བྱེད་པའི་འགག་རྩའི་དུས་སྐབས་སུ་ལས་དོན་པས་རྒྱལ་ལམ་219ཡི་མ་ཡུམ་དུམ་བུ་སོགས་ལྟེ་བའི་གནས་སྤོའི་བགྲོད་ལམ་ལ་དམ་པོར་དམིགས་ནས། བརྒྱུད་རིམ་ཧྲིལ་པོར་འགྲིམ་འགྲུལ་གཤོང་བ་དང་། མི་སྣར་དོ་དམ་ཚོད་འཛིན། སྒུལ་རྣམ་སྐོར་སྲུང་བཅས་བྱས་ཏེ“ས་མཐོའི་རི་སྐྱེས་སྲོག་ཆགས”ཀྱི་གནས་སྤོའི་ལམ་བུ་ཡག་པོ་བསྲུངས་ནས་ལོར་ཆ་སྙོམས་གཙོད་ཁྲི་3ལྷག་ཙམ་བདེ་འཇགས་ངང་རྒྱལ་ལམ་སྒྲོལ་བ་དང་བདེ་བླག་ངང་གནས་སྤོས་ནས་གཙོད་ཕྲུག་སྐྱེ་ཐུབ་པར་འགན་ལེན་བྱས་ཡོད།

    རིམ་བཞིན་འབྲོག་པའི་མིག་ལམ་དུ་རི་སྐྱེས་སྲོག་ཆགས་དག“རྙོག་དྲ”ནས་སྐྱེ་ཁམས་ཁེ་འབབ་ཀྱི་ཆ་ཤས་ཤིག་ཏུ་གྱུར་བཞིན་ཡོད། མང་ཚོགས་དེ་བས་མང་བ་རང་འགུལ་ངང་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་ནས་རྨས་སྐྱོན་ཕོག་པའི་སྲོག་ཆགས་འཕྲད་ཚེ་དུས་ཐོག་ཏུ་གོང་ཞུ་བྱེད་པ་དང་ལྐོག་རྔོན་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་རང་འགུལ་ངང་ཐེར་འདོན་བྱེད་ཀྱི་ཡོད། གྲངས་གཞི་ལས་མངོན་པར། 2025ལོ་ཚུན། མངའ་རིས་ས་ཁུལ་གྱི་མང་ཚོགས་ཀྱིས་རང་འགུལ་ངང་གོང་ཞུ་བྱས་པའི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ཀྱི་ཁུངས་སྣེ་23%འཕར་ཡོད།

    ད་ཆའི་མངའ་རིས་སུ་རྩ་ཆེའི་རི་སྐྱེས་སྲོག་ཆགས་སླར་གསོའི་རང་བཞིན་གྱི་སྒོ་ནས་མང་དུ་ཕྱིན་ཞིང་། འབྲོང་ཁམ་པ་མགོ་གྲངས་220ནས་མགོ་གྲངས་550ལྷག་ཙམ་བར་མང་དུ་ཕྱིན་པ་དང་། གཙོད་ཀྱི་གྲངས་འབོར་ཁྲི་13.98ལས་བརྒལ་བ། གསའ་810ལྷག་ཙམ་ཟིན་པ། རྐྱང་དང་། ཁྲུང་ཁྲུང་སྐེ་ནག དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་རང་དགར་སྐྱེ་འཕེལ་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།