དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་ཚོ་ཁམས་གཙང་ལ་འཚོ་བ་བདེ་སྐྱིད་དང་ལྡན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-08

    འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གིས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དམ་འཛིན་བྱ་གཞིར་བྱས་ཏེ“གཙང་སེལ་བཅུ་དང་མཛེས་སྡུག་བཅུ”ཡི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ནས་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བས། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་ཀྱི་རྣམ་པ་ཞིག་ག་ལེར་མངོན་བཞིན་ཡོད།

    གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་པར་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ངེས་པར་དུ་ཨང་དང་པོར་འཇོག་དགོས། རིན་སྤུངས་རྫོང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“གཙང་སེལ་བཅུ་དང་མཛེས་སྡུག་བཅུ”ཡི་ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་བཟོས་པ་སྟེ། རྫོང་གིས་གཅིག་གྱུར་བཀོད་གཏོང་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་བྱེད་པ། ཤང་དང་གྲོང་རྡལ་གྱིས་འགན་འཁྲི་འཁུར་བ། གྲོང་ཚོས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་བ་རེད།

    དྲིལ་བསྒྲགས་དང་འཚམས་འདྲི་ཐེངས་མང་བྱས་པ་ལས་མང་ཚོགས་ཀྱིས་བྱ་སྤྱོད་དེ་འདྲ་སྤེལ་དོན་ཤེས་པ་དང་ཆབས་ཅིག་ཚང་མའི་བསམ་ཚུལ་ལའང་འགྱུར་ལྡོག་བྱུང་ཡོད། སྔོན་ཆད་ལ་ཆ་མཚོན་ན་ལས་བྱེད་པས་ལས་ཀ་བྱེད་རྐྱང་བྱེད་པ་དང་མང་ཚོགས་ཀྱིས་དེ་ཙམ་གཞོགས་འདེགས་བྱེད་ཀྱི་མེད། འོན་ཀྱང་ད་ལྟའི་ཆར་ཞིང་འབྲོག་པ་ཕལ་ཆེ་བས་རང་འགུལ་ངང་རང་ཁྱིམ་གྱི་རྒྱབ་མདུན་ཚང་མར་གཙང་སྦྲ་བྱེད་ཅིང་། ཁོང་ཚོ་ནི་ཟུར་དུ་ལྟ་མཁན་ཞིག་ནས་གྲོང་གསེབ་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་འགྱུར་བཞིན་ཡོད།

    བདག་སྐྱོང་རྒྱུན་རྣམ་ཅན་དུ་གྱུར་ཚེ་གཞི་ནས་ཡུལ་ལྗོངས་ཡག་པོ་སྲུང་ཐུབ། རིན་སྤུངས་རྫོང་གིས་གྲོང་ཚོའི་འགྲོ་ལམ་དང་། སྤྱི་པའི་བྱེད་སྒོ་སྤེལ་ཡུལ། ཆུ་ཡུར་འགྲམ་གྱི་རི་ལྡེབས། ཞིང་དུད་ཀྱི་སྒོ་ར་བཅས་འགན་འཁྲི་ཁུར་ཡུལ་དུ་བྱས་ཏེ་རྟག་ཏུ་གཙང་སྦྲ་བྱེད་ཀྱི་ཡོད། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་གད་སྙིགས་ཏུན་120ལྷག་ཙམ་གཙང་སེལ་བྱས་པ་དང་། ཆུ་ཡུར་སྤྱི་ལེ་150ལྷག་ཙམ་བཤངས་པ། གད་སྙིགས་གང་བྱུང་དུ་སྤུངས་ས་80ལྷག་ཙམ་བཅོས་སྒྲིག་བྱས་པ། ཁོར་ཡུག་བདག་སྐྱོང་ལ་སྔ་རྗེས་སུ་མི་ཐེངས་ཁྲི་1.35ལྷག་ཙམ་ཞུགས་ཡོད་པ་རེད།

    སྤྱི་པའི་ས་ཁོངས་དོ་དམ་ཡག་པོ་བྱུང་ཁར་དུད་ཁྱིམ་ཁག་གི“ཞན་ཆ”ཡང་རིམ་གྱིས་སེལ་འགོ་ཚུགས་ཡོད། རིན་སྤུངས་རྫོང་གིས་མི་ཕྱུགས་ལོགས་དབྱེ་དང་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་ཀྱི་རྗེས་མཐུད་བདག་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། རྫོང་ཡོངས་ཀྱི་དུད་ཚང་4389ཡི་མི་ཕྱུགས་ལོགས་དབྱེ་བྱས་པ་དང་དུད་ཚང་4836གི་གསང་སྤྱོད་སྒྱུར་བཀོད་བྱས་ཡོད། དེ་ལྟར་ཆ་རྐྱེན་འཛོམས་ཕྱིན་དུད་ཚང་ཚང་མར་མི་ཕྱུགས་ལོགས་དབྱེ་དང་གསང་སྤྱོད་སྒྱུར་བཀོད་བྱས་ཡོད་པ་རེད།

    རྨང་གཞིའི་ཆ་རྐྱེན་ལེགས་སུ་ཕྱིན་རྗེས་ཞིང་དུད་མི་ཉུང་བ་ཞིག་གིས་རང་ཁྱིམ་གྱི་སྒོ་རའི་ནང་ཀུ་ཤུ་དང་། ཁམ་བུ། ལི་སོགས་འབྲས་ཤིང་བཏབ་ཅིང་། འབྲས་ཤིང་དེ་དག་བཏབ་པ་ལས་སྒོ་རའི་ནང་སྔོ་ཐིང་ཐིང་ཆགས་ནས་སྐྱིད་སྣང་དོད་ལ། དེ་ལས་བཏགས་པའི་འབྲས་བུ་ལས་ཁྱིམ་ལ་ཡོང་འབབ་ཐོལ་པ་ཡང་ཡོང་གི་ཡོད། རྫོང་གིས་ད་དུང་ཞིང་འབྲོག་པའི་འབབ་འཕར་བྱ་དགའི་སྲིད་ཇུས་སྤྱད་དེ་ཞིང་དུད་32ལ་སྒོ་ར་རྒྱ་སྐྱེད་གཏོང་བར་ཁ་གསབ་དངུལ་སྒོར་ཁྲི་17.6སྤྲད་པ་རེད།

    བཅོས་སྒྲིག་གི་ཕན་འབྲས་ཡུན་ནས་ཡུན་དུ་ཐོན་དགོས་ཚེ་ཕུགས་ནས་སྤྱོད་གོ་ཆོད་པའི་ཐབས་ཤེས་ཤིག་ཡོད་དགོས་ཤིང་། རིན་སྤུངས་རྫོང་གིས“དུས་ཚིགས་རེར་ཞིབ་བཤེར་རྩིས་ལེན་རེ་དང་ལོ་རེར་ལྕག་སྐུལ་རེའི”ཕུགས་ཕན་ལམ་སྲོལ་བཙུགས་པ་དང་། སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་རྫོང་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་36ཏུ་ཞིབ་དཔྱད་ཚད་ལེན་དང་དུད་ཚང་དུ་འཚམས་འདྲིར་བསྐྱོད་དེ། སློབ་སྦྱོང་བྱེད་རིན་ཡོད་པའི་བཅོས་སྐྱོང་ཉམས་མྱོང་འདྲི་རྟོགས་དང་མངོན་གསལ་དོད་པའི་གནད་དོན་དམར་རྗེན་དུ་བཏོན་པས། བསྡུར་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

    ཁོར་ཡུག་སྐྱིད་སྣང་དོད་དུ་ཕྱིན་པ་དང་ཆབས་ཅིག་དར་སྲོལ་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད། གྲོང་ཚོས་དུས་བཀག་ལྟར་ཤེས་དཔལ་དཔྱད་བསྡུར་བྱས་ནས“སྒོ་ར་སྐྱིད་ཤོས”དང་། “ཞིང་དུད་ཡག་ཤོས” “སྒྱུག་མོ་ཡག་ཤོས” “མནའ་མ་ཡག་ཤོས”བཅས་དཔྱད་འདེམས་བྱས་ཏེ། ཡུལ་སྲོལ་གྱི་ཚད་ཤིང་བཙུགས་ནས་ཤེས་དཔལ་གྱི་དར་སྲོལ་གསར་པ་ཁྱིམ་ཚང་ཚང་མར་ཁྱབ་པར་བྱས་པ་རེད།

    ད་ཆ་རིན་སྤུངས་ཀྱི་ཕུ་མདོ་གང་སར་རྣམ་པ་གསར་རྐྱང་དུ་གྱུར་པ་དང་མི་སེར་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་དང་ལྡན་པར་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།