ཁོང་ཚོས་ཁ་བ་བུ་ཡུག་ཁྲོད་དུ་ལས་གནས་བརྟན་པོ་སྲུང་བ།
སྟོན་ཟླ་10པར་མངའ་རིས་ཀྱི་མ་ཡུམ་ལའི་རི་འདབས་སུ་སྟོན་རླུང་འུར་འུར་དུ་ལྡང་ནས་ངོ་གདོང་ལ་གྲང་ཟུག་གཏོང་གི་ཡོད། མ་ཡུམ་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ས་བབ་སྨི་4900ལྷག་ཙམ་ཟིན་པ་དང་དེ་གའི་མི་དམངས་ཉེན་རྟོག་པའི་ངོས་ནས་བཤད་ན། ད་ཐེངས་ཀྱི་རྒྱལ་སྟོན་ངལ་གསོའི་རིང་ངལ་གསོ་རྒྱག་ཁོམ་མེད་པར་གངས་སྐྱོན་ལ་ཁ་གཏད་བཅག་རྗེས་མུ་མཐུད་རྒྱལ་སྟོན་གྱི་ལས་རེས་བྱེད་བཞིན་ཡོད།
རྒྱལ་སྟོན་མ་འཆར་གོང་གི་ཉིན་འགའི་རིང་མངའ་རིས་ས་མཐོར་གནམ་གཤིས་ཧ་ཅང་ངན་པ་བསྟན་ཞིང་། ཟླ་9ཚེས་25ནས་27ཉིན་བར་སྤུ་ཧྲེང་རྫོང་དུ་ད་ལོའི་སྟོན་ཁའི་ཁ་བ་ཆེན་པོ་དང་པོ་དེ་བབས་པ་རེད། གནམ་གཤིས་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་ཁ་བ་བབས་ཚད་ཆེ་ཤོས་ཧའོ་སྨི་121.9ཟིན་པ་དེ་ཁ་བ་ཧ་ཅང་ཆེན་པོ་འབབ་པའི་ཉེན་བརྡའི་ཚད་གཞིའི་ལྡབ་4དང་མཚུངས་ཀྱི་ཡོད། ཁ་བ་ཆེན་པོས་འགྲོ་ལམ་འགག་པ་དང་གངས་གསོག་མཐུག་ཤོས་སུ་དར་མའི་པུས་མོ་དིམ་གྱི་ཡོད།
ཁ་བ་བུ་ཡུག་འཚུབ་རིང་རྒྱལ་ལམ་G219མ་ཡུམ་ཟམ་པ་ནས་ཧོར་གྲོང་རྡལ་དུམ་བུར་གངས་གསོག་མཐུག་ཙམ་ཡོད་པས། འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཛ་དྲག་ཆེ་བའི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱས་པ་དང་སྒེར་འཁོར་བཏང་བའི་ཡུལ་སྐོར་བ་དང་འགྲོ་འོང་བྱེད་མཁན་འཁོར་རིགས་མང་པོ་ཁ་བ་བུ་ཡུག་ཁྲོད་དུ་ལུས་ཡོད།
“ཉེན་གྱར་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ་དེ་སྐབས་བབ་ཀྱི་ལས་དོན་གལ་ཆེ་ཤོས་དེ་ཡིན”མ་ཡུམ་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཆབ་སྲིད་སློབ་སྟོན་པ་པད་མ་བསམ་གྲུབ་ཀྱིས་ཉེན་ཁ་ཐོན་རྗེས་ཞིབ་བཤེར་ས་ཚིགས་ཀྱི་མི་སྣ་ཡོངས་འཕྲལ་མར་འཐབ་ཕྱོགས་དང་པོར་བསྐྱོད་ནས་ཉིན་མཚན་དབྱེར་མེད་ཀྱི་ཉེན་སེལ་ཞབས་ཞུའི་ལས་དོན་སྤེལ་བ་རེད་ཅེས་བཤད།
དེའི་རིང་མི་དམངས་ཉེན་རྟོག་པ་ཚོས་ཉིན་མོའི་དུས་སུ་རླངས་འཁོར་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ཏེ་ངང་རྒྱུད་རིང་པོས་དེ་གར་ལུས་པའི་ཡུལ་སྐོར་བར་ཁ་ཏ་བྱེད་ཀྱིན་ཁོང་ཚོ་ཚང་མ་ཞིབ་བཤེར་ས་ཚིགས་ཀྱི་ཏང་ཡོན་ཞབས་ཞུའི་ས་ཚིགས་སུ་བཀོད་སྒྲིག་བྱས་པ་དང་། མཚན་མོའི་དུས་སུ་གྲང་ངར་ཧ་ཅང་ཆེན་པོ་བཟོད་ནས་འགྲོ་ལམ་བཤངས་ཏེ་འཕྲལ་སྡོམ་དངོས་རྫས་བརྒྱུད་འདྲེན་བྱས་པ་རེད།
ཕྱི་རོལ་ལ་ངལ་དུབ་ཆེ་བའི་འབད་འཐབ་བསྟུད་མར་བྱས་པའི་ཁར་ཁ་བའི་ཁྲོད་ཀྱི་སྨུག་ཕྱིའི་འོད་ཟེར་གྱི་ལྡོག་འཕྲོ་ཤུགས་ཆེ་བ་དང་གྲང་རླུང་ཡང་ཡང་ལྡང་བ་ལས་མི་དམངས་ཉེན་རྟོག་པ་མི་ཉུང་བ་ཞིག་གི་ངོ་གདོང་དང་འཇིང་པ་འཚིག་པ་དང་འཁྱགས་པའི་སྣང་ཚུལ་ཚབས་ཆེན་ཐོན་ཡོད།
ངོ་གདོང་རྨས་པའི་སྐོར་གླེང་སྐབས། “སྐབས་དེ་དུས་སྣང་བ་བཏང་ལོང་གཏན་ནས་མི་འདུག”ཅེས་མི་དམངས་ཉེན་རྟོག་པ་ཀུང་ཅན་ལེ་ཡིས་བཤད། མ་གཞི་ཁོང་གིས་སྔ་ས་ནས་དེ་གའི་འགྱུར་ལྡོག་ཆེ་བའི་གནམ་གཤིས་གོམས་ཡོད་མོད། འོན་ཀྱང་ཁོང་དང་ལས་རོགས་ཚོས་ཡུལ་སྐོར་བའི་བདེ་འཇགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཅིང་། “ཉིན་དེ་དག་རིང་འཁོར་རིགས་ཧ་ཅང་མང་པོ་ཞིག་ལུས་པ་དང་ཡུལ་སྐོར་བ་ཁ་ཤས་ལོ་ན་མཐོ་ཙམ་ཡོད་པ་མ་ཟད་ད་དུང་ལ་ལར་ལ་དུག་ཕོག་རྐྱེན་མི་སྣ་མགྱོགས་ཙམ་བཀོད་སྒྲིག་བྱེད་པ་དང་དངོས་རྫས་དམིགས་སར་འཁྱོལ་བ་བྱས་ཏེ་ཚང་མ་དྲོ་སོབ་སོབ་ངང་ངལ་གསོ་ཐུབ་པ་བྱ་རྒྱུ་དེ་ནི་ངེད་ཚོའི་རེ་བ་ཆེ་ཤོས་དེ་ཡིན”ཞེས་ཁོང་གིས་བཤད།
“ད་ཐེངས་ཀྱི་ཁ་བ་ཆེན་པོ་བབས་མྱུར་བ་དང་། བབས་ཤུགས་ཆེ་བ། བབས་ཡུན་རིང་བ་བཅས་ཡོད་པ་དེ་ནི་ཉེ་བའི་ལོ་ཤས་རིང་མཐོང་དཀོན་པའི་གནམ་གཤིས་ཞན་ཤོས་ཤིག་རེད” པད་མ་བསམ་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་ཉེན་སེལ་གྱི་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱས་པ་དང་མི་སྣ་ཡོངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བདེན་དཔང་ཐུབ་ཅིང་། ཁོང་གིས“ཚང་མས་ཡུན་རིང་ས་བབ་མཐོ་བ་དང་། གསོ་རླུང་ཉུང་བ། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་བཅས་ཀྱི་ཁོར་ཡུག་ཁྲོད་ལས་འགན་བསྒྲུབས་དགོས་པས་དཀའ་ལས་ཧ་ཅང་ཆེན་པོ་བྱུང་སོང་། ཁ་བ་ཆེན་པོའི་ཉེན་ཁ་སེལ་རིང་གི་ཉིན་ཤས་རིང་ཚང་མས་འཐབ་ཕྱོགས་དང་པོར་གདོང་མཆོང་བྱས་ཏེ་འཁང་ར་དང་ཕྱིར་བཤོལ་ཡེ་ནས་མི་བྱེད་པར་ནུས་ཤུགས་ཡོད་རྒུས་འགྲོ་འོང་མང་ཚོགས་སྲུང་སྐྱོབ་བྱས་ཡོད”ཅེས་སྙིང་ཁོངས་རུས་པའི་གཏིང་གི་སྐད་ཆ་བཤད།
ཁ་བ་ཆེན་པོའི་ཉེན་སེལ་ལས་དོན་ཡོངས་སུ་མཇུག་མ་འགྲིལ་གོང་རྒྱལ་སྟོན་གྱི་འཁོར་རིགས་མང་བའི་དུས་ཚིགས་ཤར། ཟླ་9ཚེས་30ཉིན། རྒྱལ་ལམ་G219མ་ཡུམ་ཟམ་པའི་དུམ་བུའི་བཀག་རྒྱ་གློད་དེ་རླངས་འཁོར་ཤར་གཏོང་བྱས་པ་དང་ཞིབ་བཤེར་ས་ཚིགས་ཀྱི་བློ་མཐུན་ཚོས་ཉིན་གཅིག་ཀྱང་ངལ་གསོ་མེད་པར་ཐད་ཀར་རྒྱལ་སྟོན་གྱི་བདེ་སྲུང་ལས་སྒྲུབ་ལ་ཞུགས།
པད་མ་བསམ་གྲུབ་ཀྱིས“ཚང་མའི་ངོས་ནས་བཤད་ན། ངལ་དུབ་ཧ་ཅང་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་དུས་བདེ་སྲུང་རྒྱུ་ནི་དུས་ཚོད་སྐར་ཆ་ཙམ་ཡང་ཆད་མི་རུང”ཞེས་མ་གསང་དྲང་པོར་བཤད།
ཁ་བ་བུ་ཡུག་འཇགས་པ་དང་རྒྱལ་ལམ་སླར་གསོ་ཐུབ་ནས་རྒྱལ་ལམ་G219ཤར་གཏོང་ཐུབ་ཡོད་མོད། འོན་ཀྱང་རི་ཁྲོད་ཀྱི་ཉི་སྲིབ་ལམ་དུམ་དང་། གུག་ཆ་དང་། ལ་ཉག་ཏུ་སྔར་བཞིན་འཁྱགས་པ་ཐེབས་ཡོད་པས་མཚན་མོར་ཁ་གཏད་རླངས་འཁོར་འཕྲད་པ་དང་མྱུར་ཚད་ཅུང་མགྱོགས་པའི་སྐབས་འདྲེད་བརྡར་ཤོར་སླ་བས་སྔར་བཞིན་ཉེན་ཁ་ཆེན་པོ་ཡོད།
རྒྱལ་སྟོན་གུང་གསེང་རིང་ཡུལ་སྐོར་བ་འགྲོ་སྐྱོད་མང་བས་མ་ཡུམ་ཟམ་པའི་ལམ་དུམ་དུ་འཁོར་རིགས་རྒྱུན་མཐུད་མང་དུ་སོང་ཡོད། གཞུང་ལམ་གྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་ཆེད་ཞིབ་བཤེར་ས་ཚིགས་སུ་ཉིན་མཚན་དབྱེར་མེད་ངང་སྐོར་གཡེང་དང་བསྲུང་བྱ་བྱས་ཏེ་མི་དམངས་ཉེན་རྟོག་པ་ཚོས་ཚོགས་ཆུང་དང་ཡུག་འབྲེལ་བགོས་ཏེ་མངོན་མེད་རྐྱེན་ངན་ཐོན་བཟོ་ལམ་དུམ་གཙོ་བོར་སྐོར་ཞིབ་ཡང་ཡང་བྱས་ནས་གངས་དང་འཁྱགས་པ་སྲབ་པོ་ཡོད་པ་མཐོང་སྐབས་འཕྲལ་མར་གཙང་སེལ་བྱས་ཐོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རེ་རེ་བཞིན་བསལ་བ་རེད།
ཀུང་ཅན་ལེ་ཡིས། “དེ་གར་ལུས་པའི་ཡུལ་སྐོར་བ་མི་ཉུང་བ་ཞིག་དེ་ནས་ཁ་བྲལ་སྐབས་ངེད་ཚོར་ཆེད་མངགས་ཐུགས་རྗེ་ཆེ་ཞུ་བར་སླེབས་བྱུང་། ཉིན་དེ་དག་རིང་ཡུལ་སྐོར་བ་མང་པོ་ཞིག་གིས་ངེད་ཚོའི་ངོ་གདོང་ལ་རྨ་བཟོས་པ་མཐོང་སྐབས་གཟུགས་པོར་བདག་གཅེས་བྱེད་དགོས་པའི་ཁ་ཏའང་བྱེད་ཀྱི་འདུག་པས་དངོས་གནས་ངེད་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང”“བསྟུད་མར་ལས་ཀ་བྱེད་དགོས་སྟབས་དངོས་གནས་དཀའ་ལས་ཆེན་པོ་འདུག འོན་ཀྱང་རླངས་འཁོར་རེ་རེ་བཞིན་བདེ་འཇགས་ངང་སྐྱོད་པ་མཐོང་སྐབས་དཀའ་ངལ་ཐམས་ཅད་བྱེད་རིན་ཡོད་པའི་ཚོར་སྣང་འདུག ལམ་བུ་དེ་དང་ཡུལ་ཕྱོགས་གཅིག་གི་མི་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ངེད་ཚོ་དེ་གར་བསྡད་པའི་དོན་སྙིང་ཞིག་རེད”ཅེས་དགོད་འཚེར་འཚེར་ངང་བཤད།
ད་ཆ་གྲང་རླུང་སྔར་བཞིན་ལྡང་མོད། ཞིབ་བཤེར་ས་ཚིགས་ཀྱི་ཉེན་བརྡའི་གློག་སྒྲོན་དུས་ཀུན་ཏུ་འོད་ཆེམ་ཆེམ་འཕྲོ་བཞིན་ཡོད། གངས་གསོག་བཞུར་སྲིད་ལ་ངོ་གདོང་གི་རྨ་ཤུལ་ཡང་དལ་བུར་དྲག་སྲིད་མོད། འོན་ཀྱང་དེ་གའི་ཉེན་རྟོག་པ་ཚོས་སྔ་བར་ཕྱི་གསུམ་དུ་དེ་གར་རླངས་འཁོར་རེ་རེ་བཞིན་དང་མཐའ་མཚམས་ཀྱི་དུས་བདེ་བསྲུངས་ཏེ་བབ་ཆགས་ཤོས་ཀྱི་བརྟན་སྲུང་ལ་བརྟེན་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་དུས་བདེའི་ཕྱག་རྟགས་ཕུལ་མཚམས་འཇོག་མི་སྲིད།
འབྲེལ་ཡོད་གསར་འགྱུར།