རང་ལྗོངས་ཀྱིས་ཁྲེང་ཏུར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འོས་སྦྱོར་བྱས་པ།
ཉེ་ཆར། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འོས་སྦྱོར་དང་ཞིང་འབྲོག་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”སྦྲེལ་མཐུད་བྱེད་སྒོ་ཁྲེང་ཏུར་སྤེལ་བ་རེད། བྱེད་སྒོར་ཚོང་འགུགས་མ་འདྲེན་རྣམ་གྲངས་38གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.7བཏང་ནས། བོད་ཀྱི་ཐོན་ཁུངས་དང་སྲིད་ཇུས་སི་ཁྲོན་དང་ཁྲུང་ཆིང་གི་མ་རྩ་དང་། ལག་རྩལ། སྤུས་རྟགས་བཅས་དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
འོས་སྦྱོར་ཚོགས་འདུར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“ལོ་ལྔ་ཚན་བཅུ་བཞི་པ”ཚུན། བོད་ཀྱི་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དང་། སྣེ་འདྲེན་ཁེ་ལས་ཀྱི་བྱ་དགའ་དང་ཁ་གསབ་སྲིད་ཇུས་དང“བོད་དུ་སྐྱོད་པའི”བྱེད་སྒོའི་བཀོད་སྒྲིག་སྐོར་ངོ་སྤྲོད་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཐོན་ལས་ཀྱི་རྨང་གཞི་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཁེ་ལས་ལ་ཕན་པའི་སྲིད་ཇུས་བཅས་ལ་དམིགས་ནས་འོས་སྦྱོར་བྱས་པ་རེད། སི་ཁྲོན་དང་ཁྲུང་ཆིང་གི་ཚོང་ལས་མཐུན་ཚོགས་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མིས་འདེབས་གསོའི་རྟེན་གཞི་མཉམ་སྐྲུན་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས། གྲང་ཕྲེང་ཟོག་འགྲུལ་དང་ཁྲོམ་རའི་ཐབས་ལམ་རྒྱ་སྐྱེད་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཆེད་དོན་འགྲེམས་ཚོང་ལྷུ་ཚིགས་སུ། བོད་ཀྱི་ཁེ་ལས་ཀྱིས་འཁྱགས་རོམ་གཏེར་ཆུ་དང་། བདག་དམར་གཡང་རྒུན་འབྲུམ་ཨ་རག ནས་ཆང་། མེ་ཏོག་རྫོང་གི་ཇ་པ་ཏི། ཉིང་ཁྲིའི་བེ་ཤ ས་མཐོའི་རི་སྐྱེས་མེ་ཏོག་གི་སྦྲང་རྩི་སོགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ་རེད། སི་ཁྲོན་དང་ཁྲུང་ཆིང་གི་སྣེ་འདྲེན་ཁེ་ལས་ཀྱིས་རྣམ་གྲངས་མ་འཇོག་དང་། ཐོན་ལས་གཉེར་སྐྱོང་། ཐོན་རྫས་ཉོ་ཚོང་། སྤུས་རྟགས་མཉམ་སྐྲུན་བཅས་ལ་དམིགས་ནས་བོད་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ་ཐོག་མའི་མཉམ་ལས་ཀྱི་འདོད་འདུན་རགས་ཙམ་གྲུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་རྒྱུན་རྣམ་ཅན་གྱི་མཁོ་སྤྲོད་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས། སི་ཁྲོན་དང་ཁྲུང་ཆིང་གི་ཁེ་ལས་བོད་དུ་མ་འཇོག་ལས་དར་ལ་ཡོང་བར་རྒྱུན་མཐུད་ཞབས་འདེགས་ཞུ་བ་དང་། ཕྱོགས་གཉིས་པོས་ཞིང་འབྲོག་ཐོན་རྫས་འདེབས་འཛུགས་གསོ་ཚགས་དང་། རང་བྱུང་འཐུང་ཆུ། སྐྱེ་དངོས་གསོ་རིག་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་། སྤུས་རྟགས་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།