དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གངས་ལྗོངས་ས་མཐོར་མཐུན་སྒྲིལ་མེ་ཏོག་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-08

    ད་ལོའི་ཟླ་9པ་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོའི་ཟླ་བ་36པ་ཡིན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་བྱས་རྗེས་གངས་ལྗོངས་ས་མཐོར་བསུས་པའི་བྱེད་སྒོའི་ཟླ་བ་དང་པོའང་རེད།

    བགྲང་བྱ་30ལྷག་ཙམ་རིང་སྐུལ་འདེད་རྒྱུན་མཐུད་བཏང་བར་ཕྱིར་དྲན་བྱེད་སྐབས། མི་རིགས་མཐུན་སྒྲིལ་སྔ་ས་ནས“ཇ་དང་ཚྭ་ལྟ་བུར”གྱུར་ནས་ས་མཐོའི་བུ་ཕྲུག་ཚོའི་འཚོ་བ་དང་མཉམ་འདྲེས་ཐུབ་ཡོད།

    སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་བྱས་སྟབས་བློ་སེམས་གཅིག་མཐུན་གྱི་ལམ་བུ་དེར་ལམ་ཚད་རྡོ་རིང་གསར་རྐྱང་ཞིག་བཙུགས་པ་དང་བཅའ་ཁྲིམས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་པས་མི་རིགས་ཁག་གི་མང་ཚོགས་ཚོས་ཁྲིམས་སྐྱོང་གི་ལམ་དུ་བློ་སེམས་གཅིག་མཐུན་དང་ཐུན་མོང་ཐོག་འབད་འཐབ་བྱས་ཚེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་རེད།

    མཉམ་དུ་སྡོད་དགོས་པ་དང་དེ་བས་ཀྱང་མཉམ་འདྲེས་བྱེད་དགོས།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ“བདེ་སྐྱིད་སྡེ་ཁུལ”ཞེས་པ་ཞིག་ཡོད་པ་དེའི་མིང་ནི་གྲོང་མི་རང་ཉིད་ཀྱིས་བཏགས་པ་ཞིག་རེད།

    2013ལོར་སྲིད་གཞུང་གིས་མ་དངུལ་བཏང་ནས་འགན་ལེན་རང་བཞིན་གྱི་སྡོད་ཁང་བསྐྲུན་ཏེ་དེ་སྔ་ཁ་ཐོར་དུ་གནས་པའི་སྡེ་ཁུལ་10ཡི་མང་ཚོགས་3100ལྷག་ཙམ་སྡོད་ཁང་གསར་པར་སྤོས་ཡོད།

    ལོ་དེར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཐུའུ་ཅ་རིགས། མོན་པ་རིགས་སོགས་མི་རིགས་10ལྷག་ཙམ་གྱི་གྲོང་མི་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པས་ཐུན་མོང་གི་ཁྱིམ་གཞིས་གསར་པ་ཞིག་གྲུབ་པ་དང་། ཁོང་ཚོས“ཁྱིམ་གཞིས”དེར་བདེ་སྐྱིད་སྡེ་ཁུལ་ཞེས་པའི་དྲོ་སྐྱིད་ལྡན་པའི་མིང་ཞིག་བཏགས་ཡོད། སྡེ་ཁུལ་དུ་བག་ཕེབས་པའི“ཇ་མངར་འདུ་ཚོགས”བཙུགས་ཤིང་། སྤྱི་པའི་སྒྲིག་བཀོད་འཐུས་ཚང་ཇི་ལྟར་དུ་གཏོང་བ་དང་། རྒན་རྒོན་དང་ཕྲུ་གུར་ལྟ་སྐྱོང་ཇི་ལྟར་བྱེད་པ། ཁྱིམ་མཚེས་དབར་འགལ་བ་བྱུང་ན་ཇི་ལྟར་སེལ་བ་སོགས་ཁྱིམ་ཚང་སོ་སོར་འཕྲད་པའི་གནད་དོན་དག་ལ་ཚང་མས་མཉམ་དུ་གྲོས་མོལ་བྱེད་ཀྱི་ཡོད།

    སྡེ་ཁུལ་དུ“ཁྱེད་ཀྱིས‘ཨང་རྟགས’བཤེར་དང་། ངས་འཕྲལ་མར་སྒྲུབ་ཆོག”ཅེས་པའི་ལས་སྟེགས་བཏོད་དེ་རྩ་གཉིས་ཨང་རྟགས་ཐོག་ཁང་དང་ཞབས་ཞུའི་ས་ཚིགས་སུ་སྦྱར་ནས་གྲོང་མིས་ཨང་རྟགས་བཤེར་ཚེ་གནད་དོན་ཤོད་པ་དང་དཔང་ཡིག་གཉེར་ཐུབ། “བཤད་པར་ཉན་མཁན་ཡོད་པ་དང་དེ་རྗེས་སྒྲུབ་མཁན་ཡོད། མི་རིགས་གང་ཞིག་དང་ཁྱིམ་ཚང་སུ་ཞིག་ལ་དཀའ་ངལ་འཕྲད་རུང་ཚང་མས་རོགས་པ་བྱེད་ཀྱི་ཡོད་སྟབས་འདིར་བསྡད་ན་གནས་བཟོད་བདེ་པོ་འདུག”ཅེས་ཏུང་ཤང་རིགས་ཀྱི་གྲོང་མི་མཱ་ཡུས་པིན་གྱིས་བཤད།

    སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་པ་སྟེ“སྔོན་ཆད་གྲོང་མིས་སྡེ་ཁུལ་གྱི་མི་སྒོ་ཁར་ཡོང་རྒྱུར་སྒུག་པ་དང་། ད་ལྟ་མི་མང་པོ་ཞིག་གིས་ངས་ཅི་ཞིག་སྒྲུབ་ཐུབ་བམ་ཞེས་རང་འགུལ་ངང་དྲི་ཡི་ཡོད” གྲོང་མིས་རང་འགུལ་ངང་སྐད་ཆ་དེ་བཤད་སྟབས་མཐུན་སྒྲིལ་བརྟན་ལྷིང་ལ་འདེགས་སྐྱོར་བརྟན་པོ་བྱུང་ཡོད། ལོ་13རིང་བདེ་སྐྱིད་སྡེ་ཁུལ་ལ་འགལ་བ་དང་རྩོད་གཞི་ཐོན་ཚད་83%ཆག་ཡོད།

    མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་དམ་པོར་བསྒྲིལ་ནས་མཉམ་སྡོད་མཉམ་སྤྲོའི་རྣམ་པ་དེ་གངས་ལྗོངས་ས་མཐོའི་གང་སར་མཐོང་རྒྱུ་ཡོད་པར། རྒན་རྒོན་ཟ་ཁང་དུ་མི་རིགས་ཁག་གི་གྲོང་མི་ཚོ་སྒྲོག་ཙེ་གཅིག་གི་སྟེང་ཁ་ལག་ཟ་བ་དང་། དང་བླངས་ཞབས་ཞུའི་རུ་ཁག་ནང་ཚང་མས་མཉམ་དུ་ཁྱིམ་མཚེས་ཀྱི་ལས་ཀ་བྲེལ་བརྩོན་ཆེན་པོས་སྒྲུབ་པ།“སུའི་ཁྱིམ་དུ་ཇ་མངར་མོ་བཟོས་ཚེ་ཁྱིམ་མཚེས་ལ་ཇ་དམ་གང་སྐྱེལ་བ”སོགས་ནི་སྒོ་རའི་མི་ཚང་མས་རང་འགུལ་ངང་བྱེད་པའི་བྱ་བ་ཞིག་ཏུ་གྱུར་ཡོད། ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་དེ་གར་གཞིས་ཆགས་ནས་འབྲལ་མེད་མཉམ་གཤིབ་བྱེད་རིང་ཕན་ཚུན་དབར་བརྩེ་བ་ཟབ་ཏུ་ཕྱིན་ཡོད།

    མིག་སྔའི་བར། བོད་དུ་སྒར་རེས་རྣམ་པའི་ཁྲོམ་གཞུང་དང་། སྡེ་ཁུལ། ཚོང་སྐོར། སྒོ་ར་ཆེ་མོ། ཐོག་ཁང་བཅས་360ལྷག་ཙམ་བསྐྲུན་པ་དང་། གྲོང་ཁྱེར(ས་ཁུལ)7ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིང་བཏགས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།

    ཕྱུག་པོ་ཆགས་པ་མ་ཟད་མཉམ་དུ་ཕྱུག་པོ་ཆགས་པར་བྱས་པ།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཀྲོ་མ་ཀྲུ་དང་། ཤིས་ཀྭ ཤིང་ཏོག་ཁྲེ་ལི་ཙེ་སོགས་ཤིང་འབྲས་དང་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད་པ་རེད། 1998ལོར། སྐབས་དེ་དུས་ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་དོན་གྲུབ་ཀྱིས་ས་ཕག་ལས་གྲུབ་པའི་སྔོ་ཚལ་དྲོད་ཁང་ཆེ་མོ་6སྣེ་ཁྲིད་དེ་བརྒྱབ་ཡོད། ཧྲན་ཏུང་ནས་ཡོང་བའི་བོད་སྐྱོར་ལག་རྩལ་པ་ཀྲང་ཅི་མིང་དྲོད་ཁང་ཆེ་མོའི་ནང་ཡོང་ནས་ཡུལ་མི་ཚོར་མྱུ་གུ་གསོ་སྟངས་དང་། ལུད་རྒྱག་སྟངས། དྲོད་ཚད་ཚོད་འཛིན་བྱེད་སྟངས་བཅས་དམར་ཁྲིད་བྱས་པ་རེད། དེ་ལྟར་ཁོང་གིས་ལོ་20ལྷག་ཙམ་རིང་པ་སྣམ་ལ་དགེ་ཕྲུག་3000ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    ཡུལ་མི་ཚེ་དབང་ཅི་ནན་དུ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་ཕྱིར་ལོག་རྗེས་དེ་གར་སྦྱངས་པ་རྣམས་སླར་ཡང་ཁྱིམ་མཚེས་ཚོར་བསླབས་པ་རེད། རྒྱལ་ལམ་གྱི་འགྲམ་དུ་ཡུལ་མི་ཕུར་སྒྲོན་གྱིས་ཤིང་འབྲས་དང་སྔོ་ཚལ་ཁྲོམ་བཏོན་ཏེ“བཏབ་པ་ནས་འཚོང་བའི་བར་གྱི་ལག་རྩལ་ཚང་མ་ང་ཚོ་རང་ཉིད་ཀྱིས་ཁོང་དུ་ཆུད་ཐུབ་པ་བྱུང”ཞེས་བཤད། ད་ཆ་བན་ཚང་གྲོང་ཚོར་ཚད་ལྡན་ཅན་གྱི་དྲོད་ཁང་174བརྒྱབ་ཡོད་པ་དང་ཤིང་འབྲས་དང་སྔོ་ཚལ་གྱི་ཡོང་འབབ་ཀྱིས་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་52%བཟུང་ཡོད།

    བན་ཚང་གྲོང་ཚོའི་འགྱུར་ལྡོག་ནི་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ཐོན་ལས་དར་བ་དང་འཚོ་བ་ཡག་ཏུ་ཕྱིན་ཞིང་། མཐའ་མཚམས་སུ་གཞི་ཚུགས་པ་དང་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད།

    མཉམ་དུ་འཛོམས་པ་མ་ཟད་དེ་བས་ཀྱང་གཅིག་ལ་གཅིག་བརྟེན་བྱས་པ།

    རིག་གནས་ཀྱི་མོས་སེམས་ནི་མོས་སེམས་ཟབ་ཤོས་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། མི་རིགས་འཆམ་མཐུན་གྱི་བླ་སྲོག་བཅས་རེད།

    གཞིས་རྩེ་བཀྲས་ལྷུན་དགོན་ཤར་ངོས་སུ་གནས་པའི་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་དགོན་པ་ཕྱག་བཏབ་ཚུན་གྱི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རིག་དངོས་དང་པར་རིས་ཉར་ཚགས་གང་ལེགས་བྱས་ཡོད། འགྲེམས་ཁང་ནང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཚོ་བཞུགས་སྐབས་སྤྱོད་མྱོང་བའི《ཤིན་ཧྭ་ཚིག་མཛོད》དང་དགེ་འདུན་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆུ་ཚད་ཚད་ལེན་ཚོད་ལྟའི་རིམ་པའི་ལག་ཁྱེར་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

    “གལ་སྲིད་བོད་སྐད་ལས་ཤོད་མི་ཐུབ་ཚེ་བོད་ཀྱི་མང་ཚོགས་ཁྲི་300ལྷག་ཙམ་དང་སྐད་ཆ་ཤོད་རེས་བྱེད་རྒྱུ་ལས་མ་འདས། གལ་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་ཚེ་ང་ཚོས་མི་དུང་ཕྱུར་14ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱེད་ཆོག”ཅེས་བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྲད་པ་སྟོབས་ཆུང་གིས་བཤད། མིག་སྔའི་བར་བཀྲས་ལྷུན་དགོན་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱང་ཆུབ་པའི་དགེ་འདུན་པ་536ཡོད་པ་དང་ཁྱབ་གདལ་ཐུབ་ཚད་63%ཟིན་ཡོད།

    ཕན་ཚུན་སྐད་བརྡ་འཕྲོད་པ་ནས་རིག་གནས་མཉམ་འདྲེས་བྱུང་བའི་བར། རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་རིག་རྩལ་བརྩམས་ཆོས་རྒྱུན་ཆད་མེད་པར་ཐོན་ཞིང་། ཞབས་བྲོའི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《སྙན་ངག་དང་གླིང་སྒྲུང》ནང《སྙན་ངག》དང《གླིང་སྒྲུང》གི་ངོ་མཚར་ཆེ་བའི་གཏམ་རྒྱུད་མཉམ་འདྲེས་བྱས་པར་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད།

    ད་ཆ་བོད་ཀྱི་མི་རིགས་ཁག་གི་ཕྲུ་གུ་ཚོ་སློབ་ཁང་གཅིག་ནང་སློབ་སྦྱོང་བྱེད་པ་མ་ཟད། ད་དུང་དགུན་སྒར་དང་དབྱར་སྒར་དང་ཞིབ་སློབ་བྱེད་སྒོ་སོགས་བརྒྱུད་ས་གནས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་རང་དང་ན་མཉམ་ཕྲུ་གུ་ཚོ་དང་ངོ་ཤེས་ཀྱི་ཡོད། པེ་ཅིང་དུ“སེམས་མཐུན། ཕུགས་འདུན་གཏོད་པའི་ཀྲུང་གོའི་བྱ་སྤྱོད”ཅེས་པའི་ཞིབ་སློབ་ལ་ཞུགས་རྗེས། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་གྱི་དམའ་རིམ་སློབ་འབྲིང་གི་སློབ་མ་སྒྲོལ་མ་སྐྱིད་མོས“ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཕྲུ་གུ་ཡིན་པས་ནམ་ཡང་སེམས་པ་གཅིག་ཏུ་སྦྲེལ་ཡོད”ཅེས་མྱོང་བ་ཟབ་མོས་བཤད།

    བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་ལེན་བསྟར་བ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དེ“བརྩེ་སེམས”ནས“ལམ་ལུགས”བར་དང“མོས་སེམས”ནས“ཁྲིམས་སྐྱོང”བར་གཏིང་ཟབ་ཏུ་ཕྱིན་པ་མཚོན་ཡོད། “དེ་ནི་བརྩེ་སེམས་ཀྱི་ཐུན་མོང་ངོས་འཛིན་ཡིན་ལ་ལམ་ལུགས་ཀྱི་བཀོད་སྒྲིག་དེ་བས་ཀྱང་ཡིན་པ་དང་། མཛེས་སྡུག་ལྡན་པའི་ཕུགས་འདུན་ཞིག་ཡིན་ལ་སྔོན་དཔག་ཐུབ་པའི་ཁེ་དབང་འགན་ལེན་ཞིག་དེ་བས་ཀྱང་ཡིན”པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།