དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་ལེན་གྱི་འགོག་རགས་བརྟན་པོ་བསྐྲུན་པ།

    དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ལེགས་པར་ཞུས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-07

    ད་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་ཏན་ཏིག་ནུས་ལྡན་གྱི་དམངས་འཚོའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་ཕན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུ་གནད་ལ་འཁོལ་པོ་ཞུ་བ་བཅས་བྱས་ནས་དབང་པོ་སྐྱོན་ཅན་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད།

    གོ་བརྡ་ཡག་པོ་སྤྲོད་མི་ཐུབ་པ་ནི་དུས་ཡུན་རིང་པོའི་ནང་རྣ་ཤེས་ཉམས་པའི་མང་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོང་དང་ལས་དོན་སྒྲུབ་པའི་དཀའ་གནད་ཆེ་ཤོས་དེ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་སྤྱི་སྡེ་ཚན་དང་མཉམ་དུ་རྣ་ཤེས་ཉམས་པའི་མི་སྣའི་ངལ་རྩོལ་ཐོབ་ཆའི་རྩོད་གཞི་ཐག་གཅོད་ནུས་ལྡན་བྱས་པ་དང་། ཆེད་དོན་འདུམ་འགྲིག་ཚོགས་ཆུང་གིས་སེམས་རྩ་འཁོལ་པོས་དོ་བདག་གི་འགྱངས་ཆད་གླ་ཆ་ཚང་མ་ཚུར་ལེན་རོགས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ངལ་རྩོལ་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣ་ཤེས་ཉམས་པའི་ལས་མིས་གོ་བརྡ་མི་འཕྲོད་པའི་རྐྱེན་གྱིས་ཚོང་པ་དང་གླ་ཆ་རྩིས་རྒྱག་སྐབས་རྩོད་གཞི་ཐོན་ནས་ཁེ་དབང་སྲུང་སྐྱོང་ལས་དོན་སྐབས་ཤིག་རིང་ཐག་གཅོད་ཐུབ་མེད། མང་ཚོགས་ཀྱི་རེ་ཞུ་འབྱོར་རྗེས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། མི་སྤྱི་སྡེ་ཚན་གྱིས་འཕྲལ་མར་ཆེད་དོན་འདུམ་འགྲིག་ཚོགས་ཆུང་བཙུགས་ནས་དོ་བདག་གི་དམིགས་བསལ་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་པ་མ་ཟད། ལག་བརྡ་ཤེས་མཁན་ལས་དོན་པས་འགོ་ནས་མཇུག་བར་ལག་བརྡ་བྱས་ནས་དོ་བདག་གི་རེ་ཞུ་བརྒྱུད་བསྒྲགས་ཁ་གསལ་དང་འདུམ་འགྲིག་གི་བརྒྱུད་རིམ་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་བཤད་ཡག་པོ་བྱས་ཡོད། ངང་རྒྱུད་རིང་པོས་འབྲེལ་གཏུག་བྱས་པས་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་བདེ་བླག་བྱུང་ནས་ཚོང་པས་རང་སར་འགྱངས་ཆད་བྱས་པའི་གླ་ཆ་ཚང་མ་སྤྲད་ཡོད། ད་ཐེངས་ཀྱི་ནུས་ཆེའི་འདུམ་འགྲིག་གིས་རྣ་ཤེས་ཉམས་པའི་མང་ཚོགས་ཀྱི་སེམས་ཁྲལ་ཏན་ཏིག་བསལ་བ་མ་ཟད། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་དེ་བས་མངོན་ཡོད། རྣ་ཤེས་ཉམས་པའི་མང་ཚོགས་ཀྱིས་ལས་དོན་སྒྲུབ་དཀའ་བ་དང་གོ་བརྡ་འཕྲོད་དཀའ་བའི་གནད་དོན་འབྱུང་རྩ་ནས་ཐག་གཙོད་བྱ་ཆེད། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྡེ་ཚན་གཞན་དང་མཉམ་འགུལ་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་དང་མཉམ་དུ་དབང་པོ་སྐྱོན་ཅན་དང་ཐོགས་མེད་འབྲེལ་གཏུག་བྱེད་པའི་ཆེད་གཏོགས་ཐབས་ལམ་གསར་གཏོད་བྱས་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་འོན་པའི་མཐུན་ཚོགས་ཀྱི་ཚོགས་མིས་དྲ་ཐོག་ལག་བརྡའི་ཞས་ཞུ་སྔོན་ལ་ཉམས་ལེན་བྱས་པ་དང་། རྒྱང་བསྟེན་བརྙན་ལམ་གྱི་ཆེད་གཏོགས་ཞབས་ཞུའི་བགྲོད་ལམ་བརྒྱུད་སྲིད་དོན་བློ་འདྲི་དང་ལས་སྒོ་སྒྲུབ་གཉེར་གྱི་བརྒྱུད་རིམ་ཧྲིལ་པོར་ཐོགས་མེད་འབྲེལ་མཐུད་ཐུབ་པས་སྟབས་བདེ་ཞིང་ལས་ཕྱོད་ཆེ་བའི་ཞབས་ཞུའི་རྣམ་པར་དབང་པོ་སྐྱོན་ཅན་གྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་ཡོད།

    རྣ་ཤེས་ཉམས་པའི་མིའི་གླ་ཆའི་རྩོད་གཞི་གནད་སྨིན་བསལ་ནས་ངལ་རྩོལ་ཁེ་དབང་འགན་ལེན་བྱས་པ་ནས་ཐོགས་མེད་སྲིད་དོན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་བར་གྱི་བྱ་ཐབས་ཁག་གིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གནད་སྨིན་བྱས་པས་ཁོང་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།