དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཐབ་ས་གྲུ་བཞི་ཆུང་ཆུང་དུ། དམངས་འཚོ་ཆེན་པོ་ལེགས་པར་བསྐྱངས།

    ཉིང་ཁྲི་གྲོང་ཁྱེར་ཉི་ཁྲི་སྡེ་ཁུལ་གྱི“ཕུན་ཚོགས་མི་རིགས་ཁང”གིས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-07

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་ཉི་མ་གྲོང་གི་ཁུལ་ཆུང་དུ“ཕུན་ཚོགས་མི་རིགས་ཁང”ཞེས་པའི་ཁྱིམ་མཚེས་ལྟེ་གནས་ཤིག་ཡོད་པ་དེ་མི་རིགས་ཁག་གི་གྲོང་མི་རྣམས་ལས་ཀའི་བར་སེང་དུ་མཉམ་འཛོམས་བྱེད་ས་ཞིག་ཏུ་གྱུར་ཡོད།

    ཉིན་ལྟར་གྱི་ཕྱི་དྲོར་འདི་གར་མི་ཚོགས་མང་ཞིང་། རྒན་རྒོན་ཚོས་སྒོར་སྒོར་བྱས་ནས་བསྡད་དེ་ཁ་བརྡ་གློད་པ་དང་། བྱིས་པའི་ཁུལ་དུ་བྱིས་པ་ཚོས་རྩེད་མོ་རྩེ་བ། གཞོན་ནུ་ཚོས་ལུས་སྦྱོང་ཁུལ་དུ་ལུས་སྦྱོང་བྱེད་ཀྱི་ཡོད། ཐག་མི་རིང་བའི་སར་ཡོད་པའི་ཞབས་ཞུའི་སྟེགས་བུའི་མདུན་དུ་སྡེ་ཁུལ་གྱི་ལས་བྱེད་པ་དང་། སྡེ་ལས་ཀྱི་འཐུས་མི། གཞིས་བདག་ཨུ་ཡོན་བཅས་ཀྱིས་རྒྱུན་དུ་ལས་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་དོགས་གནད་ཡོད་ཚེ་སེལ་རོགས་བྱེད་ཀྱི་ཡོད།

    ཉི་མ་གྲོང་གི་ཁུལ་ཆུང་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་ཅིང་། ཁུལ་ཆུང་དེ་བསྐྲུན་ནས་དུས་ཡུན་རིང་པོ་མ་སོང་བ་དང་། གྲོང་མི་ཡོང་ཁུངས་རྒྱ་ཆེ་བ། འཚོ་བའི་གོམས་གཤིས་མི་འདྲ་བ་སོགས་ཀྱིས་རྐྱེན་པས་སྐབས་ཤིག་རིང་དབང་ཆ་དང་འགན་འཁྲི་འབྲེལ་མཐུད་ཡག་པོ་མ་བྱུང་བ་དང་། ཁྱིམ་མཚེས་དབར་འགལ་ཟླ་ཡང་ཡང་ཐོན་པ། སྒྲིག་འགལ་འཛུགས་སྐྲུན་དོ་དམ་ཚོད་འཛིན་ཡག་པོ་མ་ཐུབ་པ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་འཕྲད་ཡོད།

    ཁུལ་ཆུང་དེའི་བཅོས་སྐྱོང་ཐད་ཀྱི་དཀའ་གནད་སེལ་ཆེད། སྡེ་ཁུལ་ཏང་ཨུད་ཀྱིས་འཐབ་ས་འདི་འཛུགས་རྒྱུ་ཐག་བཅད་པ་དང་འབྲེལ་དེར“ཕུན་ཚོགས་མི་རིགས་ཁང”ཞེས་མིང་ཡང་བཏགས། འཐབ་ས་དེའི་གཞི་རྒྱ་ཆེན་པོ་མེད་མོད། འོན་ཀྱང་ནང་དོན་ཕུན་སུན་ཚོགས་པ་སྟེ། དེ་གར་དམངས་ཀྱི་གནས་ཚུལ་གྲོས་བསྡུར་བྱེད་པ་དང་། དམངས་ལ་སྟབས་བདེ་སྐྲུན་པ་མ་ཟད། ད་དུང་ཁྱིམ་མཚེས་ཕན་ཚུན་སྤེལ་རེས་ཀྱང་བྱེད་པ་དེ་རེད།

    “ཕུན་ཚོགས་མི་རིགས་ཁང”གི་བྱེད་སྟངས་གཙོ་བོ་ཞིག་ནི་སྡེ་ཁུལ་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་བཙུགས་པའི“ཕྱོགས་གསུམ་མཉམ་འགུལ”གྱི་གྲོས་མོལ་ལམ་སྲོལ་དེ་རེད། མདོར་བསྡུས་ནས་བཤད་ན། སྡེ་ཁུལ་གྱི་ཏང་ཨུད་དང་། གཞིས་བདག་ཨུ་ཡོན་ལྷན་ཁང་། སྡེ་ལས་བཅས་དེ་གར་མཉམ་དུ་འཛོམས་ནས་ཟླ་བ་མི་རེ་ངོ་རེར་དུས་བཀག་ལྟར་སྡེ་ཁུལ་གྱི་དོན་དག་ལ་གྲོས་བསྡུར་བྱེད་པ་དེ་རེད། ད་ཆ་གནད་དོན་དེ་རང་དུ་བརྡར་གཅོད་དང་དུས་བཀག་ལྟར་ཐག་གཅོད་བྱེད་ཀྱི་ཡོད། གཞིས་བདག་ཨུ་ལྷན་གྱིས་དམངས་ཀྱི་འདོད་བློ་བསྡུ་རུབ་བྱེད་འགན་འཁུར་རྒྱུ་དང་། སྡེ་ལས་ཀྱིས་ལག་བསྟར་བྱེད་འགན་འཁུར་རྒྱུ། སྡེ་ཁུལ་ཏང་ཨུད་ཀྱིས་གཅིག་གྱུར་བཀོད་གཏོང་བྱ་རྒྱུ་བཅས་གཏན་འཁེལ་ཁ་གསལ་བྱས་པས་ལས་བགོས་ཁ་གསལ་པོ་བྱུང་ལ་རང་འགན་གཞན་ལ་དཀྲི་བའི་གནས་ཚུལ་ཡང་ཐོན་ཉུང་དུ་སོང་ཡོད།

    ད་ཆ་ཆུང་ས་ཁྱིམ་མཚེས་ཀྱི་བྱ་བ་ཙག་ཙིག་ནས་ཆེ་ས་སྡེ་ཁུལ་བཅོས་སྐྱོང་བར་དུ་མང་ཚོགས་ཀྱིས་རེ་འདུན་ཞུས་པ་ཚང་མར་ལན་ཡོད་པ་དང་བྱ་བ་ཚང་མ་ཐག་གཅོད་ཡག་པོ་བྱེད་ཀྱི་ཡོད།

    “ཕུན་ཚོགས་མི་རིགས་ཁང”དུ་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་གྱི་བསམ་འདུན་སྣ་ཚོགས་བྲིས་པའི་གྱང་ཞིག་ཡོད་པ་དེ་མངོན་གསལ་ཤིན་ཏུ་དོད་ཅིང་། དེའི་ཐོག་ལུས་སྦྱོང་ཡོ་བྱད་མང་དུ་གཏོང་རྒྱུའི་སྐོར་དང་། རིག་རྩལ་བྱེད་སྒོར་ཞུགས་འདོད་ཡོད་པའི་སྐོར། སྐད་ཡིག་གཉིས་སྦྱོང་འདོད་ཡོད་པའི་སྐོར་སོགས་ཀྱི་བསམ་འདུན་སྣ་ཚོགས་འཁོད་ཡོད། བསམ་འདུན་དེ་དག་ནི་བྲིས་པ་ཙམ་མ་ཡིན་པར་སྡེ་ཁུལ་གྱིས་དུས་བཀག་ལྟར་ལེགས་སྒྲིག་བྱས་ཏེ། སྒྲུབ་ཐུབ་པ་རྣམས་ལས་ཀའི་རྩིས་ཁྲར་འགོད་པ་དང་སྐབས་འཕྲལ་སྒྲུབ་མི་ཐུབ་པ་རྣམས་ཚང་མར་གསལ་བཤད་བྱེད་ཀྱི་ཡོད།

    “ཕུན་ཚོགས་མི་རིགས་ཁང”ནི་ལས་དོན་སྒྲུབ་ས་ཞིག་གཅིག་པུ་མིན་པར་མི་རིགས་ཁག་གི་གྲོང་མིས་ལྷོད་པོར་བསྡད་ནས་སྤེལ་རེས་བྱེད་ས་ཞིག་རེད། དེ་རིག་གནས་ལུས་རྩལ་སྤྲོ་གསེང་ཁུལ་དང་། མིག་མངས་བྱེད་སྒོ་ཁུལ། བྱིས་པའི་མཛའ་གྲོགས་ཁུལ། བཅོས་སྐྱོང་གྲུབ་འབྲས་འགྲེམས་སྟོན་ཁུལ་བཅས་སུ་ཕྱེ་ཞིང་། དེ་གར་ད་དུང་རྒན་རྒོན་ལ་མིག་མངས་རྒྱག་ས་དང་། གཞོན་ནུར་ལུས་སྦྱོང་བྱེད་ས། ཕྲུ་གུར་རྩེད་མོ་རྩེ་ས་སོགས་ཀྱང་ཡོད།

    ད་ལོའི“བདུན་གཅིག”རིང་། སྡེ་ཁུལ་གྱིས་ཉིང་ཁྲི་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་འདི་གར་བརྗོད་དོན་གཙོ་བོའི་བྱེད་སྒོ་ཞིག་སྤེལ་ཞིང་། བོད་རྒྱ་སྐད་གཉིས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་། ཏང་གི་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་འགྲན་བསྡུར། མི་རིགས་ཀྱི་སྤྲོ་སྣང་ལྡན་པའི་མཉམ་འགུལ་རོལ་རྩེད་བཅས་སུ་ཏང་ཡོན་དང་། མི་རིགས་ཁག་གི་གྲོང་མི། ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་བཅས་63ཞུགས་ཡོད། བྱེད་སྒོ་སྤེལ་རིང་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འབྲས་དང་། གྲོ་ཞིབ། སྣུམ་སོགས་སྤྲད་པ་མ་ཟད། ད་དུང་ཁོང་ཚོར་འཚོ་བའི་ནང་དཀའ་ངལ་གང་འཕྲད་པ་འདྲི་རྩད་ཀྱང་བྱས་པ་རེད།

    “ཕུན་ཚོགས་མི་རིགས་ཁང”གི་གཞི་རྒྱ་དེ་ཙམ་ཆེན་པོ་མེད་རུང་མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་སྣ་ཚོགས་སྐོང་ཐུབ་ཅིང་། བཙུགས་ནས་ཡུན་རིང་མ་སོང་བར་ཁྱིམ་མཚེས་རྣམས་ཁུལ་ཆུང་གཅིག་ཏུ་སྡོད་པ་ནས་སེམས་པ་གཅིག་མཐུན་དངོས་འབྲེལ་བྱུང་ཡོད། སྡེ་ཁུལ་ཏང་ཨུད་ཀྱི་ཁྲིད་སྟོན་འོག་གྲོས་མོལ་ཐེངས་མང་བྱེད་པ་དང་། བྱེད་སྒོ་སྣ་ཚོགས་སྤེལ་བ། བྱ་བ་དངོས་མང་པོ་སྒྲུབ་པ་བཅས་བྱས་པ་བརྒྱུད། དམངས་ཀྱི་སེམས་པ་དྲོ་སོབ་སོབ་ཏུ་གྱུར་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་གསུམ་གྱི་ཞི་མཐུན་བདེ་སྐྱིད་ཀྱི་ལེའུ་ཞིག་མུ་མཐུད་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།