དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ས་མཐོའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-07

    ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མཐུན་སྦྱོར་དང་། ཚན་རྩལ། ཐོན་ལས། ཚོང་གཉེར་བཅས་སྒྱུར་བཅོས་ཆེན་པོ་བཞིར་དམིགས་ཏེ་འཕེལ་རྒྱས་ཀྱི་སྣ་འདུས་ཐབས་བཟང་སྤྱད་པས་གླིང་ཁུལ་གྱི་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་འཕར་གཞི་ཞིག་ཏུ་གྱུར་ཡོད།

    ཁ་གཏད་བོད་སྐྱོར་གྱི་ཐོན་ཁུངས་ལ་བརྟེན་ནས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ས་ཁོངས་སྒྲོལ་བའི་མཐུན་སྦྱོར་མཉམ་ལས་དྲ་བ་བསྐྲུན་ཞིང་། གླིང་ཁུལ་གྱིས་ཧྥོ་ཧྲན་མཐོ་གསར་ཁུལ་དང་ཧྲེན་ཀྲེན་ལུང་ཧྭ་ཁུལ་སོགས་ལྗོངས་ཕྱིའི་སྔོན་ཐོན་གླིང་ཁུལ་9དང་འབྲེལ་མཐུད་བྱས་ནས་མཉམ་ལས་ཀྱི་གཞི་རྒྱ་དེ་མ་དངུལ་རོགས་སྐྱོར་ནས་ལས་བྱེད་པ་ཕན་ཚུན་མངགས་གཏོང་དང་། ཐོན་ལས་ཚོང་འགུགས། ཚོང་གཉེར་ཁོར་ཡུག་མཉམ་སྐྲུན་བཅས་བར་རྒྱ་སྐྱེད་བཏང་ཡོད། ཝང་ཁྲེང་དང་ཧན་ཀྲུང་སོགས་དཔལ་འབྱོར་གསར་སྤེལ་ཁུལ་དང་2028ལོ་བར་མཉམ་ལས་གྲོས་མཐུན་བཞག་ནས་ཆེད་མི་བཀོད་སྒྲིག་བྱས་ཏེ་རྣམ་གྲངས་ལ་གདུབ་ཟུམ་རྣམ་པའི་འབྲེལ་མཐུད་བྱ་རྒྱུ་རེད།

    ཚན་རྩལ་གསར་གཏོད་ལ་རྒྱུན་མཐུད་ཚད་བརྒལ་བྱུང་ནས་ས་མཐོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་ཆ་གཙོ་བོ་མཉམ་འདུས་རྒྱ་སྐྱེད་ཐུབ་པ་བྱུང་ཞིང་། ན་ནིང་གླིང་ཁུལ་གྱིས་ས་གནས་དེ་གའི་མཐོ་གསར་ལག་རྩལ་གྱི་ཁེ་ལས་2སྐྱེད་སྲིང་བྱས་ནས་རང་རྟེན་སྐྱེད་སྲིང་ཐུབ་པའི་ཁེ་ལས་ཀྱི་སྟོང་ཆ་གསབ་ཡོད། ལོ་ཧྲིལ་པོར་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་17མང་དུ་བཏང་ནས་ཁྱོན་བསྡོམས་ཁེ་ལས་31ཟིན་པར་རིམ་རྩིས་བརྒྱབ་ན་སྤྱོད་གོ་ཆོད་པའི་ཁེ་བེད་བདག་ཐོབ་གསར་པ་70དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་2ཐོབ་ཡོད།

    ས་མཐོའི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཉིང་ཁྲི་མེ་ཏོག་ཇ་ལོ་ཚད་ཡོད་ཀུང་སི་དང་བོད་ལྗོངས་སྭེལ་རྒྱུ་ཆུ་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཧྥོ་ཧྲན་སློབ་ཆེན་དང་མཉམ་དུ་སྙིགས་རོས་ཇ་ལུད་ཞིབ་སྤེལ་བྱས་པ་སྟེ། ནས་ཀྱི་ཕྱི་པགས་དང་ལྕི་བ་དང་བྱ་བྲུན་གཞན་སྒྱུར་བྱས་པས་ཇ་ཞིང་གི་ནད་འབུའི་གནོད་འཚེ་20%ནས་35%བར་ཉུང་དུ་ཕྱིན་པ་དང་ཐོན་འབབ་15%ནས་25%བར་འཕར་ཡོད།

    ཞབས་ཞུ་ཞིབ་ཚགས་ཅན་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཞིང་། གླིང་ཁུལ་དུ་ཁེ་ལས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་པ་དང་རེ་ཞུ་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ནས། རང་འགུལ་ངང་སྒོ་རྩར་བསྐྱོད་དེ་ཁེ་ལས་ཀྱི་གཉེར་སྐྱོང་དཀའ་གནད་བསལ་ཡོད། ཁེ་ལས་ལ་ཕན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ཚོང་དོན་ལ་ཕན་པའི་རྣམ་པ་བཏོད་དེ་གླིང་ཁུལ་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་མཐུད་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།