དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྔོ་ལྗང་མཛེས་ལྗོངས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-07

    ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་རྒྱ་ཁྱོན་ལ་སྤྱི་ཆིང་8738ཟིན་གྱི་ཡོད། 2009ལོར་ཚོད་ལྟའི་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། 2016ལོར་དངོས་སུ་སྒོ་བྱང་བཀལ་བ་ནས་བཟུང་དེ་ཡིས་འདམ་ར་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར། 2021ལོར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། དེ་གར་འདབ་ཆགས་རིགས་57འཚོ་སྡོད་བྱེད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་འདབ་ཆགས་རིགས་1དང་རིམ་པ་གཉིས་པའི་སྲུང་སྐྱོང་གི་འདབ་ཆགས་རིགས་7ཡོད། ལོ་ལྟར་ཟླ་10པའི་ཟླ་མཇུག་ཏུ་ཁྲུང་ཁྲུང་སྐེ་ནག་བྱང་ཐང་ནས་དེ་གའི་ཆུ་ཁོངས་སུ་འཕུར་ཡོང་སྟེ་བག་ཕེབས་ངང་དགུན་སྒྲོལ་བྱེད་ཀྱི་ཡོད་པ་དང་། ལོ་རྗེས་མའི་ཟླ་གསུམ་པ་དང་བཞི་པ་ཙམ་ལ་གཞི་ནས་ས་ཆ་གཞན་ལ་འགྲོ་གི་ཡོད།

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པ་དང་མཉམ་དུ། གསར་འགོད་པས་ཡར་ཉང་འདམ་རར་བསྐྱོད་དེ“རིག་གནས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་དང་། ཐོན་ལས་ལ་བརྟེན་ནས་བོད་ལྗོངས་དར་རྒྱས”ཀྱི་གསོན་ཉམས་དོད་པའི་རྣམ་པ་འཚོལ་ཞིབ་བྱས་པ་ཡིན།

    ལོ་35ལ་སླེབས་པའི་སྐལ་བཟང་མཚོ་མོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ནས་ཡིན་པ་དང་། ན་ནིང་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་འདམ་རའི་བདག་སྐྱོང་པར་གྱུར་མ་ཐག་ཡིན། ཉིན་ལྟར་ཁོང་ལ་ལས་ཀ་ཧ་ཅང་མང་པོ་ཡོད་པ་སྟེ། བྱེ་མ་ལྐོག་ཏུ་སྔོག་མཁན་ལ་ལྟ་སྲུང་བྱེད་པ་དང་། སྒྲིག་འགལ་ངང་ཉ་སོགས་འཛིན་མཁན་བཀག་འགོག་བྱེད་པ། གད་སྙིགས་གཙང་སེལ་བྱེད་པ། གནས་སྤོའི་འདབ་ཆགས་རིགས་སྲུང་བ་སོགས་ཡིན།

    ཁོང་གིས་རྒྱང་རིང་དུ་ཡོད་པའི་སྤང་ལྗོངས་བསྟན་ཏེ་གསར་འགོད་པར“སྔོན་མ་ཕ་གིར་ཡང་ཉ་དང་འདབ་ཆགས་རིགས་གནས་ཡོད་ཀྱང་། ད་ཆ་ལྡབ་འཕར་བྱུང་བ་མ་ཟད། ལྗོན་ཤིང་ཇེ་མང་དང་སྤང་ལྗོངས་ཇེ་ཆེར་ཕྱིན་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།

    དེ་འདྲའི་སྲུང་སྐྱོང་གི་རྣམ་པ་ཡར་ཉང་འདམ་རར་ད་དུང་ཧ་ཅང་མང་པོ་ཡོད། མིག་སྔར་འདམ་རའི་སྤྱི་གླིང་ཡོངས་ལ་བདག་སྐྱོང་པ་75ཡོད་པ་དང་ཁོང་ཚོས་ལོ་མང་ཉིན་གཅིག་ལྟར་ཆུ་ཁོངས་འདི་རུ་ས་མཐོའི་སྐྱེ་ཁམས་ཀྱི་རང་མདངས་སྲུང་བཞིན་ཡོད།

    སྐལ་བཟང་མཚོ་མོ་དང་ཁ་གྱེས་རྗེས་བཅར་འདྲི་ཚོགས་པ་རླངས་འཁོར་ལ་བསྡད་དེ་ཡར་ཉང་འདམ་རའི་ལྟེ་བའི་ཁུལ་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོར་སྐྱོད། དུད་ཁྱིམ་75ལས་མེད་པའི་གྲོང་ཚོ་ཆུང་ངུ་དེ་ཡར་ཀླུང་གཙང་པོའི་འགྲམ་དུ་གནས་ཤིང་། སྔོན་ཆད་གྲོང་ཚོའི་ལམ་བུ་འདམ་རྫབ་ཀྱིས་ཁེངས་པ་དང་དཔེ་མཚོན་གྱི་རྗེས་ལུས་གྲོང་ཚོ་ཞིག་རེད། ཀོང་ཏུང་གི་བོད་སྐྱོར་མ་དངུལ་དང་གྲོང་གསེབ་དར་རྒྱས་མ་དངུལ་མཉམ་དུ་བཏང་བའི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་2024ལོའི་ཟླ་10པར་བསྐྲུན་ཟིན་ཡོད། ད་ཆའི་ཀླུ་སྟེང་གྲོང་ཚོའི་འགྲོ་ལམ་ཁོད་སྙོམས་ལ་རྒྱ་ཆེ་བ་དང་། བོད་བཟོའི་སྡོད་ཁང་གསར་པ་གྲལ་འགྲིག་པ། གྲོང་ཚོ་ཨུ་ལྷན་འགྲམ་གྱི“བཅིངས་འགྲོལ་ལ་བསྟོད་གླུ་འབུལ་བའི”འགྲེམས་སྟོན་ཁང་ཀྲོང་ངེར་གནས་པ་བཅས་ལས་ས་ཆ་དེའི་ཐོག་གི་གསར་བརྗེའི་དྲན་ཤེས་ཟིན་ཐོར་བཀོད་ཡོད།

    གྲོང་ཚོར་འགྱུར་ལྡོག་བྱུང་ནས་ཡུལ་མིའི་འཚོ་བའང་ལེགས་སུ་ཕྱིན་ཡོད། འདམ་རའི་ལྗོངས་གཟིགས་སྒང་ཡུལ་སྐོར་ཀུང་སིར་བོགས་མར་བཏང་བ་དང་དམངས་སྲོལ་གནས་ཚང་ཆེད་ལས་ཚོགས་པས་གཉེར་སྐྱོང་བྱེད་ཀྱི་ཡོད་པས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་བགོ་འགྲེམས་བརྟན་པོ་ཞིག་ཡོང་གི་ཡོད།

    2024ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལས་བརྒལ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྔོན་མའི་སྒོར་ཁྲི་22ནས་སྒོར་ཁྲི་119ལྷག་ཙམ་བར་འཕར་ཡོད།

    བཅར་འདྲི་ཚོགས་པའི་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨྱན་སྦྱོར་གྱི་ལས་རིགས་གཅིག་པ་ཡང་ས་ཆ་དེ་གས་ཡིད་དབང་འཕྲོད་ཡོད། ལྷོ་ཕྱོགས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཙེང་ལེང་ཧོ་བོད་དུ་ཡོང་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་ངས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དང་ཁྱད་ལྡན་ཞིང་འབྲོག་ལས་ལ་དོ་སྣང་ཆེ་ཤོས་བྱེད་ཀྱི་ཡོད། “འདི་གར་མཛེས་ལྗོངས་སྔར་བས་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་བའང་ཇེ་མང་དུ་འགྲོ་བཞིན་འདུག ཁམ་བུ་དང་། སྟར་ཁ། ཕྱུགས་རིགས་གསོ་ཚགས་བཅས་ཀྱི་ཐོན་ལས་ཀྱིས་གྲོང་ཚོ་ཐུན་མོང་ཐོག་ཕྱུག་པོར་གྱུར་བར་བྱེད་པ་ནི་བོད་ཀྱི་འཕེལ་རྒྱས་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་ཡག་པོ་ཞིག་རེད”ཅེས་བཤད།

    འདམ་རའི་བདག་སྐྱོང་བའི་རྒྱུན་གཏན་གྱི་ལས་ཀ་ཙག་ཙིག་ནས་ཀླུ་སྟེང་གྲོང་ཚོའི་ཡུལ་མིའི་འཚོ་བའི་བར། ཡར་ཉང་འདམ་རའི་གཏམ་རྒྱུད་ཁྲོད་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་བོད་དར་གཉིས་དམ་པོར་སྦྲེལ་ཡོད། རི་སྔོན་ཆུ་དྭངས་ཀྱི་སྲུང་སྐྱོང་བའང་མཐར་སྐྱེ་ཁམས་བགོ་འགྲེམས་ཀྱི་ཕན་པ་ཐོབ་མཁན་ལ་གྱུར་ཡོད། ས་མཐོའི་འདམ་ར་དེས་མི་དེ་བས་མང་བར“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ”དང“ཡུལ་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ”ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།