“གཅེན་མོ་ལགས། སྨད་གཡོགས་འདི་དངོས་གནས་སྙིང་རྗེ་པོ་འདུག”
སྙན་རོང་རྫོང་ཉི་མ་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་རང་གི་དངུལ་བཏོན་ནས་བྱིས་པ་བརྒྱ་ལ་གྱོན་ཆས་ཉོས་པའི་སྐོར་བཀོད་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་གི་གྲོང་ཚོ་ཁག་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་དྲོ་སྐྱིད་ལྡན་པའི་རྣམ་པ་མང་པོ་མངོན་ཞིང་། ཉི་མ་ཤང་མཛོ་ཆེན་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་པད་མས་རང་གི་དངུལ་སྒོར་6800བཏོན་ནས། ཤང་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་100ཡི་ཕྲུ་གུ་ཚོར་ཕྱི་གོས་དང་། གོས་ཐུང་། ནང་གོས། སྨད་གཡོགས་བཅས་ཚུད་པའི་བྱིས་པའི་གྱོན་ཆས་ཁག་གཅིག་ཉོས་པ་དང་འབྲེལ། ཁྱིམ་ཚང་རེ་རེ་བཞིན་ལ་འཚམས་འདྲིར་བསྐྱོད་དེ་བབ་ཆགས་པའི་བྱ་སྤྱོད་ཀྱི་ཐོག་ནས་བྱང་རྩྭ་ཐང་དུ་གཞི་རིམ་ལས་བྱེད་པས་མི་རབས་རྗེས་མར་སེམས་ཁུར་བྱེད་ལུགས་བརྒྱུད་སྤྲོད་བྱས་པ་རེད།
ཉི་མ་ཤང་དེ་ཉིད་བོད་བྱང་ཐང་ས་མཐོར་གནས་ཤིང་། དབྱར་གཞུང་གི་ནམ་དུས་ཡིན་རུང་སྔ་དགོང་གཉིས་སྔར་བཞིན་གྲང་ངར་ཆེན་པོ་ཡོད།
ནམ་རྒྱུན་དུད་ཚང་དུ་བཅར་འདྲི་བྱེད་སྐབས་དཀའ་ངལ་ཡོད་པའི་ཁྱིམ་ཚང་མི་ཉུང་བ་ཞིག་གི་ཕྲུ་གུས་གྱོན་ཆས་རྙིང་པ་གྱོན་པ་དང་། ཐ་ན་ལུས་ལ་འཚམ་པའི་དབྱར་གོས་མེད་པ་པདྨ་ལ་དོ་སྣང་ཆེན་པོ་བྱུང་ཡོད། དེས་ན། ཁོང་གིས་དེ་ཙམ་མཐོ་པོ་མེད་པའི་གླ་ཕོགས་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྒོར་6800བཏོན་ནས་བྱིས་པའི་གྱོན་ཆས་སྣ་ཚོགས་ཞིབ་ཚགས་པོས་འདེམས་ཉོ་བྱས་ཏེ། ལས་ཀའི་བར་གསེང་དང་བསྟུན་ནས་ཤང་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་100ཡི་ཕྲུ་གུ་རེ་རེ་བཞིན་ལ་སྤྲད་པ་རེད། ཁོང་གིས་སྤྲད་པའི་ཕྱི་གོས་སྲབ་མོ་དེ་དག་སྔ་དགོང་གི་དྲོད་ཁྱད་ལ་འཚམ་པ་དང་། གོས་ཐུང་དང་ནང་གོས་དེ་དག་ཁུངས་མཐུག་པ། སྨད་གཡོགས་ཆུང་ཆུང་དེ་དག་བུ་མོ་ཚོའི་མཛེས་དད་ཀྱི་བསམ་འདུན་གྲུབ་ཡོད།
“གཅེན་མོ་ལགས། སྨད་གཡོགས་འདི་དངོས་གནས་སྙིང་རྗེ་པོ་འདུག ངས་སྨད་གཡོགས་སྙིང་རྗེ་པོ་འདི་འདྲ་མཐོང་མྱོང་མེད”ཅེས་ཉི་མ་ཤང་མཛོ་ཆེན་གྲོང་ཚོར་སྨད་གཡོགས་གསར་པ་རག་པའི་བུ་མོ་ཚེ་རིང་ལྷ་མོས་སྨད་གཡོགས་ལ་དམ་པོར་འཇུ་བཞིན་དེ་ལྟར་བརྗོད་པ་དང་། ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། ཕྲུ་གུ་ཚོའི་དགའ་སྤྲོའི་འཛུམ་མདངས་མཐོང་སྐབས་འཁྲིས་སུ་ཡོད་པའི་ཁྱིམ་བདག་གིས“ང་ཚོ་ནང་མིས་ཕྲུ་གུར་གྱོན་ཆས་གསར་པ་ཉོ་རྒྱུའི་བསམ་བློ་འཁོར་མ་བྱུང་། ཁྱེད་ཀྱིས་བསམ་བློ་ཞིབ་ཚགས་པོ་དེ་འདྲ་བཏང་བ་དེ་ནི་དངོས་གནས་གཉེན་ཉེ་ལས་ཀྱང་ལྷག་པ་འདུག”ཅེས་བརྗོད། དྲོ་སྐྱིད་ལྡན་པའི་རྣམ་པ་དེ་འདྲ་ཉིན་ཤས་རིང་ཉི་མ་ཤང་གི་གྲོང་ཚོ་ཁག་ཏུ་ཐེངས་མང་ཐོན་ཡོད་པ་རེད།
ཟླ་རེར་གླ་ཕོགས་ལེན་རྒྱུ་ཡོད་པའི་ཁྱིམ་ཚང་མང་པོ་ཞིག་གི་ངོས་ནས་བརྗོད་ནའང་སྒོར་6800ནི་འགྲོ་སོང་ཉུང་ཉུང་ཞིག་མིན་ཞིང་། དེ་ནི་ཆེད་བསྐོས་པའི་གླ་ཕོགས་ལེན་མཁན་པདྨ་ཡིས་བསགས་བསགས་གྲུང་གྲུང་བྱས་ནས་བྱུང་བ་ཞིག་རེད། པདྨའི་བྱ་སྤྱོད་དེ་སྒེར་གྱི་བྱ་བཟང་ཞིག་རེད་ལ། གཞི་རིམ་གྱི་ལས་བྱེད་པས་མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བརྩི་བ་དང་ཁོང་ཚོའི་བདེ་སྡུག་ཚང་མ་སེམས་ནང་བཞག་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད། ཁོང་གིས་རང་ཉིད་ཀྱི་བསགས་པའི་དངུལ་གྱིས་ཤང་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་100ཡི་ཕྲུ་གུར་གཅེས་སེམས་དང་ཐུགས་ཁུར་བཅངས་ལུགས་མཚོན་པར་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་མ་ཟད། ཕྲུ་གུ་100ཡི་སེམས་ཀྱི་ཞིང་སར་དྲིན་ཚོར་དང་རེ་བའི་ས་བོན་ཡང་བཏབ་པ་རེད།
པདྨ་ལྟ་བུའི་གཞི་རིམ་དུ་རྩ་བ་ཚུཌ་པ་དང་། མིག་ཟུང་ནང་རེ་བའི་འོད་སྣང་ལྡན་པ། སེམས་ནང་མང་ཚོགས་འཆང་བ་བཅས་ཀྱི་འབད་འཐབ་མཁན་མང་པོ་ཡོད་པ་དེ་དག་གིས་ས་མཐོའི་བུ་ཕྲུག་ཚོར་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་ཕན་པ་ཚོར་དུ་བཅུག་པ་དང་ས་མཐོའི་མ་འོངས་ཀྱི་རེ་བ་སྲུང་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།